དབུ་ཞབས་ལྷ་སྐུའི་སྒྱུ་རྩལ།

2018-11-27

 

 དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་ནི་གཙོ་བོ་བོད་ཀྱི་གསུང་རབ་ཀྱི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་རི་མོའི་གྲུབ་མཐའ་གང་ཞིག་གི་གནའ་དཔེ་ཡིན་པ་བརྟག་ཐུབ་པ་ཞིག་ཡིན།

  མངའ་རིས་གུ་གེའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ།

  མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་ཁོངས་སུ་གནས་པའི་ཡིབ་རི་དགོན་དུ་བཞུགས་པའི་ཤེར་ཕྱིན་ཀྔ་ལྡེབ་གྲངས་རོ་ལྔ་ཐོག་ཏུ་སྐུ་བརྙན་གསུམ་བཞུགས་ཡོད་པ་སྟེ། ལྡེབ་གྲངས་རོ་ལྔའི་གཡས་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པའི་སྣང་བརྙན་དབ་དབུས་སུ་གཞུང་དེའི་བརྗོད་དོན་དང་འབྲེལ་བའི་ཤེར་ཕྱིན་ཡུམ་གྱི་སྐུ་བརྙན། གཡོན་ངོས་སུ་གསང་སྔགས་ཀྱི་ལྷ་སྐུའི་སྣང་བརྙན་ཞིག་བཞུགས་འདུག དབུ་ཞབས་ལྷ་སྐུའི་སྐུ་བརྙན་གཙོ་བོ་ཤེར་ཕྱིན་ཡུམ་བཞུགས་པ་ལས་གནའ་དཔེ་དེ་ཤེར་ཕྱིན་ཡིན་པ་རྟོགས་སླའོ། སྐུ་བརྙན་དེ་དག་གི་རི་མོའི་སྒྱུ་རྩལ་ལ་བལྟས་པ་ཡིན་ན་རྒྱལ་ཁབ་ཕྱི་ནང་གི་གསུང་རབ་སྨྲ་བའི་དབང་པོ་དག་གིས་གསུངས་པ་ལྟར། ཁ་ཆེའི་ལུགས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཉམས་བཞུགས་པའི་ཤེར་ཕྱིན་ཡིན་པ་ཤེས། གང་ཡིན་ཟེར་ན། ཤེར་ཕྱིན་བྲིས་མ་དབུ་ཞབས་ལྷ་སྐུས་བརྒྱན་པ་དེ་ནི་དུས་རབས11པར་ལོ་ཆེན་རིན་ཆེན་བཟང་པོས་མངའ་རིས་ཀྱི་རྒྱལ་པོ་རྣམས་ཀྱི་རམ་འདེགས་ལ་བརྟེན་ནས་ནང་བསྟན་དར་རྒྱས་ཀྱི་གནས་མངའ་རིས་ས་ཁུལ་ཡིབ་རི་དགོན་དུ་བཞུགས་པ་ལས་ཤེས་ལ། ད་དུང་རི་མོའི་སྒྱུ་རྩལ་གྱི་ཐད་ལ་ཡིབ་རི་དགོན་གྱི་ཤེར་ཕྱིན་དེ་དང་དབྱི་ཏ་ལའི་མཁས་པ་ཏུའུ་ཆིས་མངའ་རིས་མཐོ་ལྡིངས་དགོན་ནས་རྙེད་སོན་བྱུང་བའི་ཤེར་ཕྱིན་བྲིས་མ་དབུ་ཞབས་ལྷ་སྐུ་བརྒྱན་པ་དེ་གཉིས་རུ་གཅིག་ཏུ་བཞག་ནས་རི་མོའི་སྒྱུ་རྩལ་ཐད་ལ་དཔྱད་བསྡུར་བྱས་ཚེ། དེ་གཉིས་མ་དཔེ་ལས་བུ་དཔེར་བྱོན་པ་ལྟ་བུ་ཞིག་འདུག དེ་ན་ཡིབ་རི་དགོན་གྱི་ཤེར་ཕྱིན་དེ་ནི་བསྟན་པ་ཕྱི་དར་གྱི་འགོ་དུས་རབས12པར་བྲིས་བཞེངས་བྱས་པའི་ཁ་ཆེའི་སྒྱུ་རྩལ་ལྡན་པའི་ཤེར་ཕྱིན་ཞིག་ཡིན་པ་ཤེས། བོད་དུ་བསྟན་པ་ཕྱི་དར་འགོ་ཚུགས་མཚམས་སུ་བོད་ནུབ་ཕྱོགས་ཀྱི་རི་མོའི་ཁྱད་ཆོས་ལ་ཁ་ཆེའི་བྲིས་རྒྱུན་ཤན་ཞུགས་ཀྱང་བོད་ཀྱི་རི་མོ་བ་རྣམས་ཀྱིས་གུ་གེའི་སྒྱུ་རྩལ་ཞེས་ཀྱང་བརྗོད་གནང་གི་འདུག

  བཀའ་གདམས་པའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ།

  བཀའ་གདམས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བོད་སློབ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གི་སྲོལ་གཏོད་པ་ཞིག་ཡིན། བཀའ་གདམས་པའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་ལ་ཐོག་མར་རྒྱ་གར་ཤར་ཕྱོགས་པཱ་ལའི་བྲིས་རྒྱུན་གྱི་ཁྱད་ཆོས་ལྡན་ཡོད། མ་གཞི་བྱས་ན་རྒྱ་གར་ཤར་ཕྱོགས་པཱ་ལའི་བྲིས་རྒྱུན་གྱི་ཁྱས་ཆོས་དེ་གྲུབ་མཐའ་གཞན་གྱིས་ཡེ་ནས་མ་བཀོལ་བ་ཞིག་མིན་ཡང་གཙོ་བོ་ཇོ་བོ་རྗེ་ལ་ཐུག་ཡོད། ཇོ་བོ་རྗེ་དང་བཀའ་གདམས་པ་བར་ཐད་ཀར་གྱི་འབྲེལ་བ་ཡོད་ཙང་དབུ་ཞབས་ལྷ་སྐུ་སོགས་བརྐོ་འབྲིའི་ཁྱད་ཆོས་འདི་དག་ཡང་བཀའ་གདམས་པས་ནང་འདྲེན་གནང་བ་ཞིག་ཡིན་པས་བཀའ་གདམས་པའི་ཁྱད་ཆོས་སུ་འཁུམས་སོ། རྒྱུ་མཚན་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་བྲིཀཱ་མ་ལ་ཤའི་དགོན་གྱི་བླ་ཆེན་ཞིག་ཡིན་སྟབས། ཁོང་གིས་དགོན་སྡེ་དེ་ནས་ཕྱག་བྲིས་མ་ངོ་མཚར་དབུ་ཞབས་ལྷ་སྐུས་བརྒྱན་པའི་གསུང་རབ་བསྣམས་ཕེབས་ཡོད་ངེས་ལགས། ཐ་ན་ལྷ་བཟོ་མཁས་པ་ཁ་ཤས་ཡང་བོད་དུ་ཞབས་ཕྱིར་བྱོན་ཡོད་སྲིད། དུས་རབས11པར་བོད་དུ་པཱ་ལའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནང་འདྲེན་ཐུབ་པ་ནི་ཇོ་བོ་རྗེེ་རག་ལུས་སོ། བོད་ཀྱི་གསུང་རབ་ཀྱི་མཛེས་རྒྱན་ཞེས་པར་དུས་རབས11ནས་དུས་རབས12ཀྱི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་གྱི་ཁྱད་ཆོས་དེ་ཡང་གྲུབ་མཐའ་གཞན་གྱི་བེད་སྤྱོད་གནང་ཡོད་ན་ཡང་དེ་ལ་བཀའ་གདམས་པའི་ཁྱད་ཆོས་ཞེས་བརྗོད་ན་དོན་དང་ལྡན་པ་ཞིག་ལགས་སོ་ཞེས་པས་འཐུས་སོ།

  ས་སྐྱ་པའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ།

  ས་སྐྱ་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་མཆོག་གིས་སྲོལ་གཏོད་གནང་བའི་རྗེས་སུ་ས་སྐྱ་གོང་མ་རྣམ་ལྔ་ལ་སོགས་པས་ཆུ་བོའི་རྒྱུན་བཞིན་དུ་སྤེལ་གནང་མཛད་པ་ལས་ས་སྐྱ་ཞེས་བརྗོད། ས་ལུགས་ཀྱིས་བཞེངས་པའི་ཕྱག་དཔེ་དེ་དག་གི་དབུ་ཞབས་ལྷ་སྐུ་སོགས་ལ་ཐུན་མོང་མ་ཡིན་པའི་རང་རང་སོ་སོའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཡོད། ས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླེགས་ཤིང་ཆེས་སྔ་གྲས་ཤིག་ད་ལྟ་དབྱིན་ཇིའི་དངོས་རྫས་བཤམས་སྟོན་ཁང་དུ་ཉར་ཚགས་གནང་ཡོད་ཅེས་ཨ་མའི་རི་ཁའི་བོད་རིག་པ་མཁས་ཅན་ཕའར་གྱིས་གསུངས་ཡོད། དེའི་སྟེང་དུ་བརྐོ་འབྲི་གནང་བའི་ལྷ་སྐུའི་ཁྱད་ཆོས་ལ་ཁོང་གིས་གསུངས་པར། གླེགས་ཤིང་དེའི་ནང་ངོས་ཀྱི་བརྗོད་བྱ་གཙོ་བོ་ནི་ཤེར་ཕྱིན་ཡུམ་ཡིན་གཤིས་གླེགས་ཤིང་དེ་ནི་ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ཞིག་གི་གླེགས་ཤིང་ཡིན། དེའི་ཕྱི་ངོས་སུ་སྟོན་པའི་སྐུ་བརྙན་འབུར་བརྐོས་དང་ནང་ངོས་སུ་བྲིས་དག་པའི་རི་མོས་བརྒྱན་ཡོད། རི་མོ་དེ་དག་གི་ཁྱད་ཆོས་ལས་དེ་ནི་ས་ལུགས་གསར་གཏོད་གནང་མ་ཐག་ནས་བལ་ལུགས་ཀྱི་ལྷ་བཟོའི་སྒྱུ་རྩལ་ལ་དམིགས་བསལ་གྱི་ཞེན་ཆགས་གནང་ཡོད་ཅེས་གསུངས་ཡོད།

  བོད་རྒྱའི་སྒྱུ་རྩལ་ཟུང་འབྲེལ་གྱི་དབུ་ཞབས་ལྷ་སྐུ།

  ད་ལྟ་ང་ཚོས་བོད་ཡིག་གནའ་དཔེ་དུས་རབས8-9པའི་ནང་ཏུན་ཧོང་དང་དུས་རབས11-12ནང་དུ་མི་ཉག་དང་དུས་རབས13-14ནང་དུ་ཡོན་དང་། དུས་རབས14-17མིང་ཡུལ་ལོ་དང་དུས་རབས17-20ཆིང་གོང་མ་ལྷ་སྐྱོང་བཅས་ཀྱི་རིང་རྒྱ་ནག་གོང་མ་དང་བཙུན་མོ་རྣམས་ཀྱིས་སྦྱིན་བདག་གནང་སྟེ་བོད་ཡིག་གནའ་དཔེ་རྒྱ་ནག་ཏུ་འབྲི་བཞེངས་གནང་བའི་གནའ་དཔེ་མི་ཉུང་བ་ཞིག་མཇལ་ཐུབ་ཀྱི་འདུག གནའ་དཔེ་དེ་དག་གི་ཁྲོད་ནས་དུས་རབས8-9པའི་གནའ་དཔེ་ཕུད་པའི་གཞན་མི་ཉག་དང་ཡོན། མིང་དང་ཆིང་བཅས་ཀྱི་རྒྱལ་རབས་སུ་བྲིས་དཔར་བཏབ་པའི་གནའ་དཔེ་དེ་དག་གི་སྟེང་དུ་རི་མོའི་སྒྱུ་རྩལ་མི་འདྲ་བའི་དབུ་ཞབས་ལྷ་སྐུས་ཀྱང་བརྒྱན་འདུག ལྷ་སྐུ་དེ་དག་གི་སྒྱུ་རྩལ་ཐད་ལ། མི་ཉག་གི་བཀའ་འགྱུར་དཔར་མའི་དབུ་ཞབས་ལྷ་སྐུར་རི་མོའི་སྒྱུ་རྩལ་རྣམ་པ་གཉིས་འདུས་ཡོད། མང་ཆེ་བ་ནི་ཐད་ཀར་རྒྱ་ནག་གི་རི་མོའི་སྒྱུ་རྩལ་དང་འབྲེལ་བ་ཡོད། གཞན་རྣམས་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་ལྟར་འབྲི་བཞེངས་བྱས་པ་ཞིག་ཡིན། སྒྱུ་རྩལ་གྱི་རྣམ་པའི་ཐད་ནས་བརྗོད་ན་མི་ཉག་དང་ཡོན་གྱི་དཔར་མའི་དབུ་ཞབས་ལྷ་སྐུར་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ནི་གཅིག་མཚུངས་སུ་འདུག་ཅེས་གསུངས་པས་མི་ཉག་དང་ཡོན་གྱི་དུས་སུ་བཞེངས་པའི་གནའ་དཔེའི་དབུ་ཞབས་ལྷ་སྐུའི་སྒྱུ་རྩལ་ཅི་ཞིག་ཡིན་པ་རྟོགས། མདོར་ན་དུས་རབས་མི་འདྲ་བའི་ནང་དུ་རྒྱ་ནག་ཏུ་འབྲི་བཞེངས་བགྱིས་པའི་གནའ་དཔེ་དེ་དག་གི་དབུ་ཞབས་ལྷ་སྐུར་བོད་རྒྱ་གཉིས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཡོད།

 

 

  

<