སྒོར་ཐིག

2018-11-27

 

   སྒོར་ཐིག་དེ་ཡང་གཙོ་བོ་གསུང་རབ་ཀྱི་དཔེ་གཟུགས་གླེགས་བམ་མམ་སྣ་རིང་ཐོག་ཏུ་བྲིས་གནང་ཡོད་པ་ལས་དེ་མིན་གཞན་དཔེ་གཟུགས་ཤོག་དྲིལ་དང་ལྟེབས་མགོ་ཅན། ཕྱེ་མ་ལེབ་དཔེ་གཟུགས་ཀྱི་རྣམ་པའི་སྟེང་དུ་བྲིས་ཡོད་པ་ཞིག་ཡིན།

  སྒོར་ཐིག་གི་བྱུང་བ།

  སྒོར་ཐིག་དེ་ཡང་གཙོ་བོ་གསུང་རབ་ཀྱི་དཔེ་གཟུགས་གླེགས་བམ་མམ་སྣ་རིང་ཐོག་ཏུ་བྲིས་གནང་ཡོད་པ་ལས་དེ་མིན་གཞན་དཔེ་གཟུགས་ཤོག་དྲིལ་དང་ལྟེབས་མགོ་ཅན། ཕྱེ་མ་ལེབ་དཔེ་གཟུགས་ཀྱི་རྣམ་པའི་སྟེང་དུ་བྲིས་ཡོད་པ་མཇལ་ཡུལ་དུ་མཆིས། སྒོར་ཐིག་བྲིས་པའི་དཔེ་གཟུགས་དེ་ནི་བོད་ལ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་དཔེ་གཟུགས་ཤིག་ཡིན་པ་ནི་ནེའུ་པཎ་ཌི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་གསུངས་པ་ལས་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ལི་ཐེ་སི་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས་རྒྱ་གར་ནས་དམ་པའི་གསུང་རབ་སྤྱན་དྲངས། ཞེས་པ་དང་ད་དུང་ད་ལྟ་རང་རེ་རྣམས་ཀྱིས་བཀོལ་བའི་གླེགས་བམ་གྱི་ཐ་སྙད་ལས་ཀྱང་ངོ་སྤྲོད་ཐུབ་པ་སྟེ། པོ་ཏི་ནི་ཐོག་མར་ལེགས་སྦྱར་སྐད་དུ་པུསྟི་ཀ་གླེགས་བམ་གྱི་སྐད་དོད་ཟུར་ཆགས་པས་པོ་ཏི་ཞེས་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་གསུངས་པ་ལས་ང་ཚོས་གླེགས་བམ་སྣ་རིང་གི་དཔེ་གཟུགས་དེ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ལས་དར་བ་ཞིག་ཡིན་པ་ཤེས་ཐུབ། དེས་ན་དེ་དང་དེ་མཚུངས་གླེགས་བམ་གྱི་ལྡེབ་གྲངས་སྟེང་དུ་གསལ་བའི་སྒོར་ཐིག་དེ་ཡང་གླེགས་བམ་དང་ལྷན་གཅིག་ཏུ་བོད་ཀྱི་ལྗོངས་སུ་དར་བ་ཞིག་ཡིན་པ་གཅིག་ཤེས་ཀུན་གྲོལ་བྱུང་ངོ་།

    སྒོར་ཐིག་གི་བྱེད་ནུས།

  གླེགས་བམ་མམ་སྣ་རིང་གི་དཔེ་གཟུགས་ཐད་དུ་གསལ་བའི་སྒོར་ཐིག་དེའི་བྱེད་ནུས་ནི་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་དུས་རབས་དང་པོ་དང་གཉིས་པའི་ནང་དུ་གསུང་རབ་ཁག་གླེགས་བམ་དུ་བསྒྲུབ་དུས་གསུང་རབ་དེ་དག་གི་སྟེང་དུ་ལྡེབ་གྲངས་དང་མཚན་བྱང་འགོད་སྲོལ་མེད་སྟབས་གསུང་རབ་བྲིས་མ་དེ་དག་གོང་འོག་འཁྲུགས་པ་དང་ཐ་ན་གསུང་རབ་ཀྱི་ལྡེབ་གྲངས་རྒྱབ་མདུན་ཡང་འབྱེད་དཀའ་བའི་གནས་ཚུལ་ཐོན་གྱི་ཡོད། གནས་ཚུལ་དེ་དག་མི་ཡོང་བའི་སླད་དུ་གསུང་རབ་ཀྱི་མདུན་ངོས་དེ་ངོས་འཛིན་སླ་བའི་ཆེད་དུ་ལྡེ་གྲངས་ཀྱི་མདུན་ངོས་མགོ་འཚུགས་མ་ཐག་ཏུ་ཨོཾ་ཡིག་ལ་བཅོལ་གནང་གི་ཡོད་ཙང་གསུང་རབ་ཇི་ཙམ་འཁྲུགས་ཀྱང་ང་ཚོས་གསུང་རབ་ཀྱི་མདུན་ངོས་རྒྱབ་ངོས་གཉིས་འབྱེད་དཀའ་བའི་གནས་ཤིག་མིན་པ་ནི་གསུང་རབ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་ྲིས་མ་གཏོགས་གཞན་གྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བའི་ཁ་ཐོར་ཚེ་ལྡེབ་ཀྱི་ཉིན་སྲིབ་གང་ཡིན་ཡང་མི་ཤེས། ཞེས་པ་འདིས་རྟོགས། གླེགས་བམ་གྱི་གླེགས་ཤིང་དང་ལྷན་གཅིག་ཏུ་སུམ་ཆ་གཅིག་ཙམ་གྱི་ཚད་ཟིན་ཏེ་དེར་ཁུང་བུ་ལི་སྨི3.5གཉིས་རེ་རེ་ཕུབ་ནས་དེའི་ནང་དུ་སྐུད་པ་བརྒྱུས་སྟེ་བདག་གཉེར་གནང་གི་ཡོད་པ་སྟེ། དེ་ཡང་བོད་ཀྱི་གསུང་རབ་སྨྲ་བའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གི་རྒྱལ་ཁམས་རིག་པས་བསྐོར་བའི་གསེར་ཐང་དུ་གསུངས་དོན། ཤིང་ཏ་ལའི་ལོ་མ་ལེགས་པར་འཐུལ་བ་ན་དཔེ་རིང་གི་ཚད་དུ་བཅད། ལྡེབ་རེ་རེ་བཞིན་སུམ་ཆའི་མཚམས་ནས་ཁུང་བུ་གཉིས་ཤིག་ཕུག དེ་བཞིན་གླེགས་ཤིང་ལ་ཡང་ཕུག་ནས་ནང་དུ་སྐུད་པ་རིང་པོ་ཞིག་དྲངས་ཏེ་མདུན་དུ་མདུད་པ་བོར་ནས་སྐེད་པར་བཅིངས་ཏེ་འགྲོ། བཀའ་པོད་སྐེ་རགས་སུ་བཅིངས་བྱ་བ་དེ་འདྲ་ནས་བྱུང་བ་ཡིན། ཀློག་རན་ཚེ་ཐག་པ་རན་པར་ལྷོད་ནས་ལྡེབ་རྣམས་དལ་བུར་བསྒྱུར་ཏེ་འདོན། དེའི་ཕྱིར་ལྡེབ་འཁྲུག་དོགས་མེད་པས་རྒྱ་དཔེ་ཕལ་ཆེར་ལ་ཁ་ཡིག་གམ་ལྡེབ་གྲངས་མ་བཀོད་པ་དེ་ཡིན།

  སྒོར་ཐིག་ལས་གསུང་རབ་འབྲི་བཞེངས།

  གནའ་དཔེ་བྲིས་མའི་ལྡེབ་གྲངས་ངོས་སུ་གསལ་བའི་སྒོར་ཐིག་དེས་ཐོག་མར་གསུང་རབ་བྲིས་དཔར་གང་ཞིག་ཡིན་མིན་གཏན་ཁེལ་ཐུབ་པ་སྟེ། དཔར་མ་ཡིན་ན་སྤྱིར་བཏང་སྒོར་ཐིག་དེ་བྲིས་མེད་པ་དང་སྔ་རབས་ཀྱི་བྲིས་མ་ཡིན་ན་སྒོར་ཐིག་དེ་བྲིས་ཡོད་པ་མ་ཟད་ཁུང་བུ་ཡང་ཕུག་ཡོད། དཔོན་གཉེར་གྱི་རྩ་འཛུགས་ཚད་ལྡན་ནས་འབྲི་བཞེངས་བགྱིས་པའི་གནའ་དཔེ་ཞིག་ཡིན་ན་སྒོར་ཐིག་ཏུ་གཞུང་དོན་དང་འབྲེལ་བ་ཡོད་མེད་ཀྱི་ཡི་གེ་བྲིས་མེད་ལ། གལ་ཏེ་དེ་ལས་ལྡོག་ཏེ་སྒོར་ཐིག་གི་ནང་དུ་གཞུང་དང་འབྲེལ་ཡོད་ཀྱི་ཡི་གེ་བྲིས་པ་དང་དེའི་ནང་དུ་གཞུང་གི་མཆན་བཏབ་ཡོད་ན་མི་སྒེར་གྱིས་འབྲི་བཞེངས་གནང་བའི་གནའ་དཔེ་ཡིན་པ་ཤེས་ཐུབ་བོ།

<