གླིང་བུ།

2018-12-06

 

   གླིང་བུ་ལ་དག་ཡིག་གསར་བསྒྲིགས་ལས། སྦུ་གུའི་རྣམ་པ་ཅན་སྟེང་ན་བུ་ག་དྲུག་ཡོད་པའི་འབུད་རྒྱུའི་རོལ་མོ་ཞིག་གི་མིང་སྟེ། དེ་སྨྱུག་མས་བཟོས་པ་མང་ཤོས་ཡིན། ཞེས་གསུངས།

  གླིང་བུ་ནི་འབུད་གཏོང་རོལ་མོའི་བྱེ་བྲག་ཅིག་སྟེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་འཁོད་པར་གཞིགས་ན་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་དེ། «མདོ་དྲི་མེད་གཟི་བརྗིད»སོགས་བོན་གྱི་དཔེ་ཆའི་ནང་དུ། ལ་ལ་ནི་འབུད་དོ་ཞེས་གསལ་ལ། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས་། བཞི་བ་ཐོ་རྗེ་ཐོག་བཙན་སྐུ་རིང་ལ། ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང་། །ཞེས་དང་། «དེབ་ཐེར་ཀུན་གསལ་མེ་ལོང་»ལས་ཀྱང་། རྒྱལ་ཏོ་རེ་ལོང་བཙན་སོགས་བཙན་ལྔའི་དུས་སུ་སངས་རྒྱས་བསྟན་པ་དབུ་བརྙེས་ཚུལ་དང་། བོན་ལུགས་ཀྱི་གསོ་བ་རིག་པ་ཇི་ལྟར་དར་ཁྱབ་ཕྱིན་ཚུལ་སོགས་ཀྱི་སྐོར་གླེང་སྐབས། རྒྱལ་བོ་དེ་རྣམས་ཀྱི་དུས་སུ་ལྷ་ཡི་རོལ་མོ་གླིང་བུ་བོད་ན་དར་རོ། །ཞེས་གསལ་བར་བྱུང་བ་དང་། «རྒྱ་བོད་ནོར་རྫས་རིགས་བརྟགས་ཤིང་དཔྱད་པའི་དཔྱད་དོན་ཡིད་ཀྱི་འདོད་འཇོ»ཞེས་པ་ལས་ཀྱང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་མཆོད་ཆས་རོལ་མོ་ཇི་ལྟར་དར་ཚུལ་སྐོར་གསུངས་སྐབས། རྐྱེན་གཞན་ལས་བྱུང་རོལ་མོའི་བྱེ་བྲག་ནི། །བུ་ག་ལས་བྱུང་སྒྲ་སྙན་གླིང་བུའི་ཚོགས། །ཞེས་གསུངས་ཤིང་། སྤྱིར་རྒྱའི་ངག་རྒྱུན་ལྟར་ནའང་ཧན་ཝུའུ་ཏིས་ཀྱི་དུས་ཁྲང་ཨན་དུ་གླིང་བུ་བྱུང་ཞིང་དེ་ནས་ཡུལ་གཞན་ལ་དར་བར་གྲགས། འོན་ཀྱང་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་རྟོག་ཞིབ་བྱས་ཚེ། རང་རེའི་ཡུལ་འདིར་ཐོག་མར་རྫ་གླིང་ལྟ་བུའི་རིགས་དར་བ་ཡིན་ལ། དེ་ནས་ཐོག་རྗེ་ཐོག་བཙན་གྱི་དུས་སུ་འཕྲེད་གླིང་དར་བ་ཡིན་པར་སྙམ། གང་ལྟར་གཞུང་གླིང་ལ་བོད་རང་གི་ཐུན་མིན་ཁྱད་ཆོས་མངོན་ལ། འཕྲེད་གླིང་ནི་མི་རིགས་གཞན་ཡང་དར་སོ་ཆེ་བས་དེའི་འབྱུང་ཁུངས་རྣལ་མ་ནི་ཤེས་དཀའ་འོ། །

   དེ་ཡང་སྔགས་ཆས་རྣམ་བཤད་ལས། གླིང་བུ་ནི། རྒྱུ་གསེར་དང་། དངུལ། སྟོང་། ལྗོན་དམར། ར་གན་སོགས་ཀྱིས་བཟོས་པ་དབྱིབས་དུང་དམར་འདྲ་སེ་བ་ལ་ཚད་དེ་ལས་ཆུང་ཞིང་ཐུང་བས་ལྷུ་ཚིགས་མེད་པ། བར་སྙུག་མ་དང་ཙནྡན་སོགས་ཤིང་ལས་བྱས་པ་ལ་མཛུབ་གུ་དག་རྡེབ་པའི་ཐད་ལ་བུ་ག་ཆུང་ངུ་རེ་རེ་ཡོད་པ་དང་དེ་དག་གི་བར་དུ་དངུལ་སོགས་ཀྱི་དཀྲིས་པ་ལ་ཕྲ་རྒྱན་ཅན། ཕུ་མཐེབ་ལེབ་མོའི་འོག་ཏུ་སྒྲོམ་བུ་ཆུང་ངུ་དང་དེ་འོག་ཏུ་བུང་ཚང་ཞེས་པའི་པ་ཏྲ་ཟླུམ་པོ་ཁོང་གསེང་དང་དེའི་འོག་ཏུ་བུམ་གཟུགས་ཆུང་ངུ་ཁ་ཁྱེར་གྱི་ཕྱི་ནས་རྒྱན་དཔྱངས་པའི་རི་མོ་ཡོད་པ། ཁ་འདབ་གཡེར་བའི་སྟེང་དུ་པ་ཏྲས་བརྒྱན་པ། འབུད་ཚེ་སོག་སྦུག་ཕུ་མཐེབ་དབུས་སུ་སྦུ་གུ་ཕྲ་མོ་ཡོད་པ་ལ་མཐུད་དེ་འབུད་དགོས་པ་ཞིག་ཡིན་ཞིང་ཀུན་གྱིས་ཤེས་གསལ་ལྟར་དེ་ལ་རྒྱ་གླིང་ཞེས་གྲགས། གཞན་སྙུག་མའི་སྦུ་གུ་ལ་ཁ་དང་མཛུབ་བུག་བཏོད་པ་ཞིག་དང་། སྨྱུག་སྦུག་ལ་མཛུབ་ཁུང་མང་པོ་བཟོས་པ་འབུད་ཚེ་མཆུ་ལ་ཕྲེད་དུ་སྦྱར་ནས་འབུད་དགོས་པའི་ཕྲེད་གླིང་དང་། རྫ་དང་རྭ་ཅོ་རྐང་རུས་སོགས་ཀྱིས་བཟོས་པ་ལ་སོགས་རྒྱུ་དང་དབྱིབས་དང་འབུད་ལུགས་བཅས་སྣ་ཚོགས་པ་ཞིག་ཡོད་པས་མདོ་རྒྱུད་དག་ནས་དབྱངས་སྙན་པའི་རོལ་མཆོད་དུ་བསྔགས་པའི་གླིང་བུ་དེ་ནི་འདིའོ་ཞེས་ངོས་འཛིན་དཀའོ། །འོན་ཀྱང་ཐམས་ཅད་ལ་བྱས་ཀྱང་འགལ་བ་མེད་ལ་རྒྱུད་ལས་ཚད་དབྱིབས་གསལ་བོར་གསུངས་པ་ནི་མ་མཐོང་ངོ་།།

  (1)སྨྱུག་གླིང་ནི་རྒྱུ་སྨྱུག་མ་ལས་གྲུབ་པ་ཞིག་ཡིན་པས། ལེགས་ཉེས་བརྟག་སྐབས་སྨྱུག་གཤིས་དང་མགོ་མཇུག་སྦོམ་ཕྲ་མཉམ་མིན་ལ་བལྟ་དགོས་ཤིང་། སྨྱུག་གསར་དང་མགོ་མཇུག་སྦོམ་ཕྲ་མི་མཉམ་པའི་རིགས་སྤོངས་དགོས། སྤྱིར་སྨྱུག་གླིང་ཡིན་ན་འཕྲེད་གླིང་རང་དུ་ངེས་ལ། རྒྱའི་ལུགས་སྲོལ་ལྟར་ན་འཕྲེད་གླིང་ལ་པང་ཙེ་ཁྲང་ཞིའི་རམ་འདེགས་རོལ་མོའི་བྱེ་བྲག་སྦུགས་ཕྲ་ལ་ཐུང་ཞིང་སྐད་གསེང་མཐོ་བའི་པང་ཏིས་གླིང་བུ་ཞེས་པ་ཞིག་དང་། གླུ་གཞས་གཏོང་སྐབས་ཀྱི་རོལ་མོའི་བྱེ་བྲག་ཇུས་ཏིས་ཞེས་པ་གཉིས་སུ་དབྱེ་སྲོལ་འདུག་ཀྱང་། རང་རེའི་བོད་ལ་དེ་ལྟ་བུའི་དབྱེ་བ་ཕྱེ་སྲོལ་མེད་ལ། འཕྲེད་གླིང་གི་སྤྱོད་ཁུངས་ཀྱང་ཁྱབ་ཆེ་བ་སྟེ། དམངས་ཁྲོད་ཀྱི་སྟོད་གཞས་ནང་མ་ནས་མཆོད་སྤྲིན་གར་རོལ་དང་དགོན་སྡེའི་གར་འཆམ་གྱི་ནང་བེད་སྤྱོད་པའང་ཡོད་འདུག  དེ་ཡང་སྟོད་གཞས་ནང་མའི་སྐབས་མངའ་རིས་ཀྱི་སྒྲ་སྙན་དང་ཡང་ཅིན་འཕྲེད་གླིང་སོགས་བཅམས་ནས་གཏོང་བའི་ཐོག་མའི་སྲོལ་འཛུགས་པ་པོ་ནི་རྡོ་རུང་བསྟན་འཛིན་དཔལ་འབྱོར་མཆོག་ཡིན། «དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ»ཞེས་པ་ལས། རྒྱ་ནག་འདི་ཀླུའི་རིགས་ལ་སོང་གཤིས་འབྱོར་བ་ཆེ་ཞིང་ལྟད་མོའི་རྣམ་གྲངས་མང་པ། ལྷག་དོན་རོལ་མོའི་བྱེ་བྲག་སྣ་ཚོགས་དེ་ཀུན་གདངས་འགྱུར་སྙན་ཞིང་ཤིན་ཏུ་ངོ་མཚར་བ་འདུག་སྟབས། དེ་སྔ་ཕན་བོད་དུ་མ་དར་བའི་རྒྱའི་རོལ་ཆའི་གྲས་དབང་པོ་ལག་པའི་དབྱིབས་ཅན་རྒྱ་སྐད་དུ་ཞིང་ཟེར་བ་ཡང་བརྔས་འཁྲི་འདྲ་བ་རྒྱ་སྐད་དུ་ཡན་ཆིན་ཟེར་བ་དེ་གཉིས་ཀྱི་སྐད་གནད་འཚོལ་ལུགས་ནས་བཟུང་། གདངས་འགྱུར་གྱི་བར་སློབ་སྦྱོང་བྱས་དུས་ཡན་ཆིན་གཏོང་ལུགས་ཧ་ལམ་ཤེས་ནས། ཞིང་དུ་འབོད་པ་དེ་བསླབ་འགོ་ཚུགས་ཙམ་ལ་ཁོ་བོ་འབྲུམ་པས་ན་ཞིང་། དེ་མཇུག་བོད་དུ་ཕྱིར་ལོག་བྱེད་རན་གྱིས་བསླབ་འཕྲོར་ལུས་ཀྱང་། དེང་དུས་བོད་དུ་མངའ་རིས་སྒྲ་སྙན་དང་ལྷན་ཅིག་རྒྱའི་ཡན་ཆིན་དང་། འཕྲེད་གླིང་གཉིས་བཅམས་ནས་གཏོང་སྲོལ་ཐོག་མའི་ལག་འཁྲིད་ཀྱི་རྒྱུན་འཛུགས་པའི་བྱེད་པོ་ནི་ཁོ་བོ་ལགས་ཞེས་སོགས་བྱུང་པས་ཤེས་ཐུབ། དེ་བཞིན་དམངས་གཞས་དང་ཁྲོམ་སྐོར་གྲལ་བསྟར་སོགས་ཀྱི་ནང་འཕྲེད་གླིང་ཁེར་གཏོང་དང་སྡེབ་གཏོང་བྱེད་པའང་ཡོད་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ངམ་མཛེས་ཤིང་ཡིད་དུ་འོང་བའི་གར་སྟེགས་ཐོག་འཕྲེད་གླིང་རྐྱང་གཏོང་བྱེད་པའང་ཡོད་པས། འཁྱེར་བདེ། གཏོང་བདེའི་རོལ་དབྱངས་ཁྱད་པར་ཅན་ཞིག་ཡིན་ནོ། །

  (2)ཤིང་གླིང་ནི་རྒྱུ་ཤིང་ལས་གྲུབ་པའི་གླིང་བུ་ཞིག་སྟེ། དེ་སྨྱུག་གླིང་དང་མི་འདྲ་བར་མགོ་སྦོམ་མཇུག་ཕྲ་ཞིག་ཡིན་ལ། སྤྱིར་ཤིང་གླིང་ཡིན་ན་གཞུང་གླིང་རང་དུ་ངེས་ཤིང་། དེ་ལ་ཡང་མཐེབ་མིག་ལྔ་ལྡན་དང་མཐེབ་མིག་བདུན་ལྡན་གཉིས་སུ་ཡོད་དེ། མཐེབ་མིག་བདུན་ལྡན་གྱི་གཞུང་གླིང་ནི་ད་ལྟའང་མཆོད་སྤྲིན་གར་བའི་ནང་དངོས་སུ་གཏོང་སྲོལ་ཡོད་ལ། མཐེབ་མིག་ལྔ་ལྡན་གྱི་གཞུང་གླིང་ནི་ད་ལྟ་གར་བ་སོགས་ཀྱི་ནང་དངོས་སུ་གཏོང་སྲོལ་མ་མཆིས་ཀྱང་། «གར་གྱི་ལོ་རྒྱུས་དང་འབྱུང་ཁུངས་མདོ་ཙམ»ཞེས་པའི་ནང་མོང་གོལ་བ་དགའ་ལྡན་ཚེ་དབང་དཔལ་བཟང་པོ་དེ་ཉིད་ཀྱིས་རྒྱལ་མོ་ཨོ་རྒྱན་བུ་ཁྲིད་དེ་བོད་ཀྱི་ཆོས་རྒྱལ་གྱི་གདུང་རབས་བསྙོན་མེད་ཅིག་ཡིན་སྟབས་འོས་ཤིང་འཚམ་པའི་དབང་ཐང་དང་གོ་མིང་ཞིག་སྤྲད་པས་ན་ཨོ་རྒྱན་བུ་ཁྲིད་ཀྱི་བཀའ་དྲིན་གསོབ་ཕྱིར་རྒྱལ་དབང་ལྔ་བའི་སྤྱན་སྔར་སོང་ནས་གར་དཔོན་མ་ནེ་བདེ་བ་དང་། སྒྲ་སྙན་རྒྱུད་བདུན་པ། མཐེབ་མིག་ལྔ་ལྡན་གྱི་གླིང་བུ་སོགས་རྒྱལ་བ་དགྱེས་པའི་གར་གྱི་མཆོད་སྤྲིན་དུ་ཕུལ་ཞེས་གསལ། དེ་ཡང་ལོ་རྒྱུས་གནས་ཚུལ་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར། གང་ལྟར་མཐེབ་མིག་ལྔ་ལྡན་གྱི་གཞུང་གླིང་ཞིག་ཡོད་ཚུལ་སྐོར་སྐུ་ཞབས་ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་དངོས་སུ་གཟིགས་པའི་ལོ་རྒྱུས་ཞལ་ལས་དངོས་སུ་ཐོས།

  (3)ལྕགས་གླིང་ནི་རྒྱུ་ལྕགས་ལས་གྲུབ་པའི་གླིང་བུ་ཞིག་སྟེ། དེ་ཡིས་ནམ་རྒྱུན་གཞས་དང་ཞབས་བྲོར་རམ་འདེགས་བྱེད་པ་དཀོན་ཡང་བྱིས་པ་རྣམས་རྩེད་འཇོར་རོལ་སྐབས་རང་དགར་གཏོང་སྲོལ་མང་། དེ་ནི་གཞི་རྐང་འཕྲེད་གླིང་མཐེབས་དྲུག་མ་ཡིན་པ་གང་ཞིག་དབུགས་བུད་དང་མཐེབ་མིག་བར་དུ་འདམ་སྤྲི་སྦྱར་སའི་བུ་ག་མེད་སྟབས། སྐད་སྦོམ་ཞིང་མི་གསལ་བ་ཞིག་རེད། ལྕགས་གླིང་ནམ་བྱུང་གི་ལོ་རྒྱུས་གསལ་བོར་མི་ཤེས་ཀྱང་། འཕྲེད་གླིང་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་པ་ཞིག་ཡིན་པ་ཤེས་ངེས་སོ། །

  (4)རྫ་གླིང་ནི་རྒྱུ་རྫ་ལས་གྲུབ་པའི་གླིང་བུ་ཞིག་སྟེ། དེང་རོལ་མོའི་བྱེ་བྲག་ཅིག་ཏུ་བྱས་ནས་གཏོང་སྲོལ་ཧ་ལམ་མེད་ཀྱང་། རྫ་མཁན་རྣམས་ཀྱིས་རྫ་ཆས་དང་མཉམ་དུ་བཙོང་ལ། དེའི་བཟོ་དབྱིབས་ལ་ཆ་མཚོན་ན་སྒོང་གཟུགས་སམ་བྱིའུ་གཟུགས་མི་འདྲ་བ་སྣ་ཚོགས་མཆིས་ཤིང་། ལྟོ་བའི་སྟེང་དུ་མཐེབ་མིག་གཉིས་གསུམ་བཞི་སོགས་གང་རུང་ཡོད་ལ། གཏོང་ཚུལ་ནི་གཞུང་ལྟ་བུར་སྟེང་ནས་གཏོང་དགོས་པ་ཞིག་ཡིན། དེ་ཡང«ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཚིག་མཛོད»ཅེས་པའི་ནང་དུ། རྫ་གླིང་ལ་རིགས་གཉིས་མཆིས་ཏེ། གཅིག་ནི་བྱིའུའི་དབྱིབས་ཅན་ཏེ། རིང་ཚད་ལིའི་རྨིད13.5དང་། སྤྱིའི་མཐོ་ཚད་ལིའི་རྨིད5.8། མཇུག་མའི་དབུས་སུ་དབུགས་བུག ལྟོ་བའི་གཞོགསགཡས་གཡོན་གཉིས་སུ་མཐེབ་མིག་རེ་ཡོད་པ་ཞིག་ཡིན་པ་དང་། ཅིག་ཤོས་ནི་ཤུའི་དབྱིབས་ཅན་ཞིག་སྟེ། རིང་ཚད་ལིའི་རྨིད7.5དང་། མཐོ་ཚད་ལིའི་རྨིད4.2། དབུགས་བུག་གོང་དང་མཚུངས་པ་བཅས་སོ། །དེ་བཞིན་འདག་གླིང་གི་དབྱིབས་དང་གཏོང་ཚུལ་ཡང་རྫ་གླིང་དང་འདྲ་ཞིང་། དེ་ནི་ནམ་རྒྱུན་བྱིས་པ་རྣམས་ཀྱིས་འདག་རྩེད་རྩེ་སྐབས་བཟོ་སྲོལ་མཆིས། རྫ་གླིང་འདག་གླིང་གང་ཡིན་ཡང་གླིང་བུ་དེ་རིགས་ནི་དབུས་གཙང་དང་བྱང་འབྲོག་ཁུལ་དུ་དར་སྲོལ་ཆེ་ཞིང་། འབྲོག་ཁུལ་དུ་ཕྱུགས་རྫི་བ་ཚོས་ཕན་ཚུན་བརྡ་གཏོང་བྱེད་བྱེད་ལ། ཞིང་གྲོང་དུ་བྱིས་པ་རྣམས་ཀྱི་རྩེད་ཆས་ཤིག་རེད།

  (5)རྒོད་གླིང་ནི་གླག་རྒོད་ཀྱི་གཤོག་པའི་དང་རུས་ལས་བཟོས་པ་ཞིག་ཡིན་པས། བོད་ཀྱི་ས་ཆ་འགར་དང་རུས་གླིང་བུའམ་རུས་གླིང་ཞེས་ཀྱང་འབོད། དེ་ཡང་གླག་རྒོད་ཀྱི་གཤོག་པའི་དང་རུས་ཀྱི་མགོ་མཇུག་གཉིས་དཀྱིལ་གཞུང་ཕྲ་བས་གླིང་བུའི་དབྱིབས་ཀྱང་དེ་ལྟར་ལགས། གཞི་རྐང་རྒོད་གླིང་ལ་མགོར་དབུགས་གཅིག་དང་གཞུང་རྟའི་སྟེང་མཐེབ་རྒྱག་བུག་མིག་ཡོད་ལ། གཏོང་ཚུལ་ནི་གཞུང་གླིང་ལྟར་ཡིན། འོ་ན་རྒོད་གླིང་ལ་མཐེབ་མིག་ཇི་ཙམ་ཅེ་ན། དེ་ཡང་གླག་རྒོད་ཀྱི་གཤོག་པའི་དང་རུས་ལ་རིང་ཐུང་ཕྲ་སྦོམ་སྣ་ཚོགས་བྱུངས་པས་མཐེབ་མིག་གསུམ་ནས་དྲུག་བར་བྱུང་ལ། སྐད་ཀྱང་ཕྲ་སྦོམ་སྣ་ཚོགས་ཡོད་ཀྱང་གཞི་རྐང་ཧ་ཅང་གསང་ཞིང་སྙན་པ་ཞིག་ཡིན་ནོ། །

   འབུད་ཚུལ་ཡང་རྙིང་མ་སྨིན་གླིང་ལུགས་རྒྱལ་སྲས་བསྟན་པའི་ཉི་མའི་དག་སྣང་ལས་བྱུང་བའི་ལྷ་མོ་ཆེ་ཆུང་དང་། ཁྲ་ཆེན་ཁྲ་ཆུང་། རྒྱ་འབུད་བལ་འབུད། བླ་མ་རྒྱང་འབོད་བཅས་འབུད་ཚུལ་བདུན་དང་། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དག་སྣང་གནམ་ཆོས་ལུགས་ཀྱི་འབུད་ཚུལ་སོགས་གསར་རྙིང་དང་ཆོས་བརྒྱུད་སོ་སོར་མི་འདྲ་བ་མང་དུ་ཡོད་དོ། །རྒྱུད་ལས་མཆོད་པ་དང་། དཀྱིལ་འཁོར་བསྒྲུབ་པ། རིག་མ་མཆོད་པ། ཚོགས་འཁོར་སོགས་ལ་འབུད་པར་བསྔགས་པས་ཁུངས་ཆེ། ཤེས་བྱེད་ཀྱི་ལུང་ནི་གོང་བཤད་དག་གི་ཞར་ལ་ཅི་རིགས་བྱུང་བ་ལྟར་དང་། གཞན་ཡང་ཀརྨ་མྰ་ལེ་ལས། གླིང་བུ་དུང་དང་ཀར་ཀོ་ཏ། །ཞེས་དང་། གདན་བཞི་ལས། གླིང་བུའི་ཚུལ་དུ་འབུད་པ་དང་། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། གླུ་དང་གླིང་བུ་གར་ལ་སོགས། །ཞེས་སྒྱུ་མ་བདེ་མཆོག་དང་། གསང་བ་རྒྱན་བཀོད། དཔུང་བཟང་སོགས་ལས་ཀྱང་གསུངས་པ་དང་། ཞེས་གསུངས་པའི་ཕྱིར།

  དེ་ཡང་སྔགས་འཆང་རྒྱན་གྱི་མེ་ཏོག་ལས། གླིང་བུ་ནི་སྤྱིར་རྒྱ་བོད་ཡོངས་ལ་གྲགས་ཆེ་ལ་རོལ་མོ་ཐམས་ཅད་ནས་སྙན་འགྱུར་གྱི་ཕུལ་དུ་བྱུང་ཕྱིར་རྒྱ་ནག་སོགས་སུའང་ཤིན་ཏུ་དར་ཆ་ཆེ་བའི་སྟབས་ཀྱིས་ད་ལྟ་རྒྱ་ནས་གསེར་དངུལ་སྡོང་ལྗོན་ལ་སོགས་པ་ནི་རིན་ཐང་ཅན་ལ་བཟོས་པ་མང་པོ་འབྱུང་ཞིང་། ཕལ་ཆེར་རྒྱ་རོང་ནས་བྱུང་བའི་སྟབས་ཀྱིས་རྒྱ་གླིང་ཞེས་གྲགས་པ་ཙམ་ལས་གཞན་དུ་གླིང་བུའི་རྒྱུ་དང་དབྱིབས་སོགས་བསམ་གྱིས་མི་ཁྱབ་པར་འབྱུང་ཞིང་། འབུད་སྟངས་སོགས་ཀྱང་དེ་དང་མཚུངས་སོ། །འོན་ཀྱང་རྙིང་མ་ལུགས་ལ་ནི་སྨིན་གླིང་སོགས་སུ་ནི་རྒྱལ་སྲས་བསྟན་པའི་ཉི་མ་ལ་ཌཱ་ཀིས་བསྩལ་བའི་ལྷ་མོ་ཆེ་ཆུང་གཉིས། ཁྲ་ཆེན་ཁྲ་ཆུང་གཉིས། རྒྱ་འབུད་བལ་འབུད་གཉིས། བླ་མ་རྒྱང་འབོད་དང་བདུན་གྲགས་སོ། །ཞེས་གསུངས་པའི་ཕྱིར་རོ། །

 

 

  

<