ཌ་མ་རུ།

2018-12-07

 

   ཌ་མ་རུ། མིང་བསྡུས་ན་ཌ་རུ། ཟླུམ་གོར་ཟུང་ལྟག་སྤྲོད་བྱས་པ་སྐེད་ལ་ཉག་ཡོད་པའི་ངོས་གཉིས་པགས་པས་གཡོགས་པ། སྐེད་པ་གཡས་གཡོན་དུ་སྲད་བུ་དམར་པོ་ལ་རྡུང་བྱེད་ཀྱི་རིལ་བུ་ཆུང་ངུ་མིག་འབྲས་འདྲ་བ་ཟུང་བཏགས་པའི་བླ་མེད་ཀྱི་ཆོ་ག་ལས་དཀྲོལ་རྒྱུའི་ཡོ་བྱེད་ཅིག སྔགས་བླ་མེད་ཀྱི་རྒྱུད་སྡེ་ཁོ་ན་ལས་གསུངས་ཤིང་རྒྱུད་སྡེ་འོག་མ་རྣམས་སུ་མ་བསྟན་པར་གསུངས་པས་ན་བླ་མེད་ཀྱི་ཆོ་ག་དག་ཏུ་བརྡུང་བར་བྱ་བ་ལས་བྱ་རྒྱུད་སོགས་དང་མདོ་རྐྱང་བའི་ཆོ་ག་རྣམས་ལ་དཀྲོལ་རྒྱུ་མིན་པ་ཤེས་གལ་ཤིན་ཏུ་ཆེ། ཁ་ཅིག་ཅང་ཏེའུ་དང་ཌ་མ་རུ་ཐ་དད་དུ་ཕྱེས་ནས་འཇོང་དབྱིབས་དབྱིག་དུམ་ཐུང་ངུ་སྐེད་ཉག་ཅན་འདྲ་བ་དེ་ཅང་ཏེའུ་དང་། ད་ལྟ་ཡོངས་ཁྱབ་ཏུ་སྤྱོད་པ་འདི་ལ་ཌ་མ་རུར་བྱེད་འདུག་མོད་རྒྱུད་ལས་དེ་འདྲ་སོ་སོར་བཤད་པ་མེད་པས་ལུགས་དེ་ལ་ཁུངས་མེད་ཅིང་མི་དག་པ་འདྲའོ། །ཞེས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་སྔགས་ཆས་རྣམ་བཤད་ལས་གསུངས།

  ཌ་མ་རུ་ནི་ཟླུམ་གོར་ཟུང་ལྟག་སྤྲོད་བྱས་པ་སྐེད་ལ་ཉག་ཡོད་པའི་ངོས་གཉིས་པགས་པས་གཡོགས་པ། སྐེད་པ་གཡས་གཡོན་དུ་སྲད་བུ་དམར་པོ་ལ་རྡུང་བྱེད་ཀྱི་རིལ་བུ་ཆུང་ངུ་མིག་འབྲས་འདྲ་བ་ཟུང་བཏགས་པའི་བླ་མེད་ཀྱི་ཆོ་ག་ལས་དཀྲོལ་རྒྱུའི་ཡོ་བྱེད་ཅིག སྔགས་བླ་མེད་ཀྱི་རྒྱུད་སྡེ་ཁོ་ན་ལས་གསུངས་ཤིང་རྒྱུད་སྡེ་འོག་མ་རྣམས་སུ་མ་བསྟན་པར་གསུངས་པས་ན་བླ་མེད་ཀྱི་ཆོ་ག་དག་ཏུ་བརྡུང་བར་བྱ་བ་ལས་བྱ་རྒྱུད་སོགས་དང་མདོ་རྐྱང་བའི་ཆོ་ག་རྣམས་ལ་དཀྲོལ་རྒྱུ་མིན་པ་ཤེས་གལ་ཤིན་ཏུ་ཆེ།

   ཌ་མ་རུའི་རྒྱུ་ལ་མཁས་གྲུབ་རྗེས་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དང་བོ་ལ་རྒྱུ་གང་ལས་བྱ་བ་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། མི་ཐོད་ལས་བྱས་ཅང་ཏེའུ་ལ། །ཞེས་པ་ལས་མ་གསུངས་ཀྱང་། སམྤུ་ཊི་ལས། དེ་ནས་ཅང་ཏེའུ་མཚན་ཉིད་བཤད། །བཛྲ་ཤིརཥའི་རྩ་བ་དང་། །ཙནྡན་དམར་པོ་ལས་བྱུང་བ། །གཞན་རྣམས་གང་རྣམས་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །ཞེས་གསུངས་ཏེ། བཛྲ་ནི་རྡོ་རྗེ་ཅན་གྱི་ཤིང་དང་། ཤིརཥ་ཏེ་ཙནྡན་བ་ལང་མགོའི་རྩ་བ་སྟེ། བོད་ཁ་ཅིག་འདི་གཉིས་གཅིག་ཏུ་བྱེད་ལ། རྒྱ་དཔེར་དང་གི་སྒྲས་ཐ་དད་དུ་ཕྱེ་བའི་ཕྱིར་གཅིག་མིན་ནོ། །ཞེས་མཁས་པ་དག་གསུང་ངོ་། །རྡོ་རྗེའི་ཤིང་ནི་ཤིརཥ་དའི་ཤིང་ངོ་ཞེས་མན་སྙེར་བཤད་དོ། །ཙནྡན་དམར་པི་ལས་བྱུང་བ་སྟེ། དེ་གསུམ་ནི་རྒྱུ་མཆོག་ཡིན་ལ། དེ་དག་མ་རྙེད་ན་ཡོད་ལ་འདོད་པའི་ཤིང་གང་ཡང་རུང་བ་རྣམས་ལ་བྱའོ། །ཞེས་པས་ཤིང་ལས་བྱས་པའི་ཅང་ཏེའུའི་རྒྱུ་བསྟན་ཏོ། །ཞེས་གསུངས་པས་ཅང་ཏེའུའི་རྒྱུ་ལ་ཙནྡན་དཀར་དམར་དང་། སེང་ལྡེང་། མིའི་ཐོད་རུས་རྣམས་དང་། དེ་དག་མ་བརྙེད་ན་བ་སོ་སོགས་རྒྱུ་གང་ཡང་རུང་བ་ལས་བྱ་རུང་བ་ཡིན་པར་གསུངས།

   ཌ་མ་རུའི་དབྱིབས་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས། གཞན་པ་ཡི་ཡང་རྡེ་ཆུང་ནི། །ཐོད་པ་ལ་ནི་བསྐོར་བ་ཉིད། །ཅེས་པས་རྡེ་ཆུང་ཤིང་ལས་བྱས་པ་ལས་གཞན་ཡང་། སྐྱེས་པ་ལོ་བཅུ་དྲུག་པ་དང་། བུད་མེད་ལོ་བཅུ་གཉིས་པའི་ཐོད་པ་ལས་ནི་སྤྱི་བོ་སྤྲད་ནས་བསྐོར་བ་སྟེ། བཅིངས་པ་ཉིད་ལས་བྱའོ་ཞེས་སྟོན་ཏེ། དེ་ཡང་སྐྱེས་པ་ལོ་བཅུ་དྲུག་པ་ལ་ཁུ་བ་འཛག་ཅིང་། བུད་མེད་ལོ་བཅུ་གཉིས་མ་ལ་ཁྲག་འཛག་པས་དེ་དག་མཉམ་པར་སྦྱར་བ་ལས་བདེ་བ་འབྱུང་གི་དེའི་གོང་དུ་ཁུ་བ་དང་ཁྲག་མི་འཛག་པས། དགོས་པ་དེ་ཉིད་མི་འགྲུབ་པར་རྒྱུད་སྡེ་དག་ལས་གསུངས་པ་དེའི་དབང་གིས་འདི་ལྟར་གསུངས་པ་ཡིན་པས། བརྒྱད་ལྟག་སྤྲོད་ཅེས་ཟེར་བ་ནི། ཅང་ཏེའུ་ཆུང་བ་ལ་དགའ་བའི་བླུན་པོ་དག་ལ་གྲགས་པའི་གཏམ་ཡིན་གྱི། རྒྱུད་སྡེའི་དགོངས་པ་བཟློག་ཕྱོགས་སུ་ཤེས་པར་བྱའོ། །བླ་མ་ཁ་ཅིག་ཤིང་ལས་བྱས་པ་ཕྱིའི་རྡེ་ཆུང་། ཐོད་པ་ལས་བྱས་པ་ནང་གི་རྡེ་ཆུང་ཞེས་ཟེར་ཡང་རྒྱུད་དང་རྒྱ་གཞུང་དག་ལས་མ་བཤད་དོ། ཤིང་དང་ཐོད་པ་ལས་བྱས་པ་གཉིས་ཀའི་ཐུན་མོང་གི་རྣམ་བར་གཞག་སྟོན་པ་ན། སྤྲེའུའི་པགས་པ་གཡོགས་པའོ། །ཞེས་པས་ཁ་ལ་གཡོག་པའི་པགས་པ་སྟོན་ལ། དེ་ལ་བྲི་བའི་ཁྱད་པར་ནི། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པར་བྱ། །ཞེས་པ་དང་། པདྨའི་ཟེ་འབྲུ་གཉིས་ཀ་ལ། །དཀྱིལ་འཁོར་དག་ནི་བྲི་བར་བྱ། །ཞེས་གསུངས་ཏེ། བུད་མེད་ཀྱི་ཟླ་མཚན་དང་པོར་རང་བྱུང་གི་མེ་ཏོག་གིས་པགས་པ་གཉིས་ཀའི་ནང་ལ་པདྨ་འདབ་བརྒྱད་བྲིས་ཤིང་། པདྨའི་ཟེ་འབྲུ་སྟེ། ལྟེ་བ་གཉིས་ཀ་ལ་དཀྱིལ་འཁོར་བྲི་བར་གསུངས་པའི་དོན་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས་པ་མ་ཡིན་གྱི། རང་གི་འདོད་པའི་ལྷ་ཀྱཻ་རྡོར། བདེ་མཆོག མ་ཧཱ་མཱ་ཡཱ། གཤིན་རྗེའི་གཤེད་ལ་སོགས་པ་དེ་དག་གི་དཀྱིལ་འཁོར་གྱི་བདག་པོ་གང་ཡིན་པ་དེའི་སྐུའམ། སྔགས་སམ། ཕྱག་མཚན་འབྲི་བའི་དོན་ཏེ། སྔགས་ནི་སྙིང་པོ། ཉེ་སྙིང་། རྩ་སྔགས་གང་ཡང་རུང་བ་དང་། དེ་ཡང་སྟེང་སྐྱེས་པའི་ཐོད་པའི་ཁ་གཡོགས་ཀྱི་ནང་གི་པདྨའི་ལྟེ་བར་ཡབ་ཀྱི་སྔགས་ལ་སོགས་པ་གང་རུང་དང་། འོག་བུད་མེད་ཀྱི་ཐོད་པའི་ཁ་གཡོགས་ཀྱི་ནང་གི་པདྨའི་ལྟེ་བར་ཡུམ་གྱི་སྔགས་ལ་སོགས་པ་གང་ཡང་རུང་བ་བྲིས་ནས། སྟེང་འོག་ཐད་ཀར་འབབ་པར་བྱ་སྟེ། དེ་དག་ལྷ་དེ་དང་དེར་བསྐྱེད་ནས་རབ་གནས་བྱས་ཤིང་། དེ་ཕྱིན་ཆད་སྟེང་འོག་མ་ནོར་བར་བཞག་པའམ། ཟུར་ལ་བསླངས་པའི་ཚེ་སྟེང་གཡས་དང་འོག་གཡོན་དུ་འོང་བར་བྱའོ། །བླ་མ་དག་སྟེང་འོག་མི་ནོར་བའི་ཆེད་དུ། སྟེང་གི་ཁ་གཡོགས་ཀྱི་ཕྱིའི་དབུས་སུ་ཧཱུཾ་བྲིའོ་ཞེས་ཟེར་རོ། བླ་མ་སྔ་མ་ཁ་ཅིག སྟེང་གི་པདྨ་ལ་ཡི་དམ་གང་ཡིན་གྱི་ས་བོན་ནམ། ཕྱག་མཚན་བྲི། འོག་གི་པདྨའི་ལྟེ་བར་ནག་པོ་ཆེན་པོ་ལ་སོགས་པའི་ཕྱག་མཚན་གྲི་གུག་གམ། ཐོད་པ་བྲི། འདབ་མ་བརྒྱད་ལ་ཤར་ནས་བཟུང་སྟེ་གཡས་སྐོར་དུ་རྡོ་རྗེ། ཐོད་པ། དགྲ་སྟ། མཆེ་བ། འཁོར་ལོ།རྒྱལ་མཚན། རལ་གྲི། དུང་རྣམས་བྲི་བ་མན་ངག་ཏུ་བྱེད་དོ། སྒྱུ་འཕྲུལ་དྲ་བ་ལས། སྤྲེའུའི་པགས་པས་གཡོགས་ནས་ནི། ངོས་གཉིས་ལ་ནི་པདྨ་བྲི། བུད་མེད་ཁྲག་གིས་མཛེས་པར་བྱས། སྙིང་པོ་ལ་ནི་ཁྲཻཾ་བྲིས་ཏེ། ཞེས་པདྨའི་སྙིང་པོ་སྟེ་ལྟེ་བ་ལ་གཞན་འདྲི་བར་མ་བཤད་པར་ཁྲཻཾ་འདྲི་བར་གསུངས་སོ། །ཁ་སྦྱོར་ལས། དུར་ཁྲོད་སྐྱེས་པའི་སྒྲ་ལས་ནི། ཞེས་དང་། སྒྱུ་དྲ་ལས། མི་ཡི་སྐྲ་ཡིས་བཏགས་ནས་ནི། ཞེས་གསུངས་པ་དག་གི་བྱ་ཚུལ་ནི། སྦ་ལ་སོགས་པ་ཤིན་ཏུ་མཉེན་པའི་ཤིང་གི་ཁྱུད་མོ་ཐོད་པའམ། ཤིང་ལས་བྱས་པའི་ཁ་གདངས་ཀྱི་ཕྱི་ནས་ཅང་ཏེའུ་དང་ལེགས་པར་འབྱོར་ཞིང་ཅང་ཏེའུ་ལ་ཕུག་པ་མ་ཕུག་པ་དེ་ལྟ་བུས་སྟེང་འོག་གཉིས་ཀ་དཀྲི་བར་བྱའོ། །ཁྱུད་མོ་དེ་གཉིས་སྐུད་པ་འདྲེན་པའི་བུག་པ་དྲུག་དྲུག་སྙོམས་ཤིང་སྟེང་འོག་གི་བུག་པ་ཐད་ཀར་འོང་བ་དེ་ལྟ་བུ་བྱའོ། །དེ་ནས་མིའི་སྐྲ་ལས་སྐུད་པ་བྱ་བར་གསུངས་པའི་དོན་ལ། བླ་མ་ཁ་ཅིག། བརྟག་གཉིས་ལས། རྐུན་མའི་སྐྲ་ལས་སྐ་རགས་སོགས་བྱ་བར་གསུངས་པའི་རིགས་པ་སྦྱར་ནས། འདིར་ཡང་རྐུན་མ་བསད་པའི་སྐྲ་ལས་བྱས་པ་ཞེས་འཆད་དོ། སྐུད་པ་ཕྲ་ཞིང་ཤིན་ཏུ་གྲིམས་པར་བཀལ་བ། སྟེང་འོག་གི་བུག་པ་དག་ལས་ཕན་ཚུན་བསྣོལ་མར་དྲངས་ནས་བརྒྱུས་པས་སྐུད་པའི་རེ་མིག་ཆོས་འབྱུང་ལྟ་བུ་སྟེང་དུ་བཅུ་དྲུག་དང་། འོག་ཏུ་བཅུ་དྲུག་འབྱུང་སྟེ། ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་བཅུ་དྲུག་མཚོན་པའི་དོན་དུ་བཤད་དོ། ཞེང་དུ་རྩེ་སོར་གཉིས་ཙམ་ཡོད་པ་དར་ལ་སོགས་པ་སྲབ་མོ་ཞིག་གི་རྐེད་དཀྲིས་ཀྱིས། དྲ་བའི་སྐུད་པ་ཕན་ཚུན་བསྣོལ་བའི་མཚམས་ནས་ཅུང་ཟད་བསྡམས་པས་དཀྲི་བར་བྱ་སྟེ། སྐད་སྣ་ཚོགས་འབྱུང་བའི་དགོས་པ་ཡོད་དོ་ཞེས་ཟེར་ཏེ། དེ་ཉིད་ལས་ལག་གཟུང་གི་ཐེག་པ་ཡང་གདགས་པར་བྱའོ། །བླ་མ་སྔ་མ་དག ཆུ་སྐྱར་གྱི་རྐང་པ་རློན་པ་ལས་བསྒོངས་ནས་སྦྲ་ཚིལ་དང་གཡོགས་མ་སྲབ་མོས་གྲིལ་ཏེ། མིའི་སྐྲའི་སྐུད་པ་སོགས་ཀྱི་སྣེ་མོ་ལ་བཏགས་ནས་སྐུད་པ་དེ་ལྟ་བུ་གཉིས་ཅང་ཏེའུའི་གཡས་གཡོན་དུ་རྐེད་པའི་དབས་ཀྱི་ཐད་ཀར་གདགས་ཏེ། དེས་རྡུང་བྱེད་བྱ་བར་བཤད་ཅིང་། དེ་ཡང་ཁ་སྦྱོར་ལས། ཆུ་སྐྱར་རྐང་བའི་རུས་པས་བརྡབ། །ཅེས་པའི་དོན་དུ་བྱེད་ལ། སྒྱུ་དྲ་ལས། མཐིང་རིལ་གྱི་ནི་རྐང་རུས་ཀྱིས། །ཞེས་པའི་འགྲེལ་པར། སློབ་དཔོན་ཀུན་དགའ་སྙིང་པོས་ཀྱང་། ཅང་ཏེའུ་རྡུང་བྱེད་དུ་བཤད་ཅིང་། མན་སྙེར། དེ་ལས་གཞན་དུ་བཤད་པ་ནི་འཆང་བར་འགྱུར་རོ། །བུད་མེད་ཀྱི་སྐྲ་དང་མེ་ལོང་དང་ཁ་དོག་ལྔའི་དར་ལ་སོགས་པ་འདོགས་པ་དང་། བུད་མེད་ཀྱི་སེན་མོས་རྡུང་བྱེད་བྱེད་པ་སོགས་ནི་སྔགས་གསར་མའི་གཞུང་ཁུངས་ཐུབ་ལས་མ་གསུངས་སོ། །ཞེས་གསུངས་པ་དང་། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་སྔགས་ཆས་རྣམ་བཤད་ལས། ཟླུམ་གོར་ཟུང་ལྟག་སྤྲོད་བྱས་པ་སྐེད་ལ་ཉག་ཡོད་པའི་ངོས་གཉིས་སྤྲེའུའི་པགས་པའམ་མི་པགས་སོགས་ཀྱིས་གཡོགས་པ། སྐེད་པ་གཡས་གཡོན་དུ་སྲད་བུ་དམར་པོ་ལ་རྡུང་བྱེད་ཀྱི་རིལ་བུ་ཆུང་ངུ་མིག་འབྲས་འདྲ་བ་ཟུང་བཏགས་པ་ལ་བོད་ཀྱིས་ཌར་རྡོར་འབོད། ཁ་ཅིག་ཅང་ཏེའུ་དང་ཌ་མ་རུ་ཐ་དད་དུ་ཕྱེས་ནས་འཇོང་དབྱིབས་དབྱུག་དུམ་ཐུང་ངུ་སྐེད་ཉག་ཅན་འདྲ་བ་དེ་ཅང་ཏེའུ་དང་། ད་ལྟ་ཡོངས་ཁྱབ་ཏུ་སྤྱོད་པ་འདི་ལ་ཌ་མ་རུར་བྱེད་འདུག་མོད་རྒྱུད་ལས་དེ་འདྲ་སོ་སོར་བཤད་པ་མེད་པས་ལུགས་དེ་ལ་ཁུངས་མེད་ཅིང་མི་དག་པ་འདྲའོ། །དེས་ན་ཚད་གཙོ་ཆེ་བ་ལས་དབྱིབས་ལ་ངེས་པ་ཆེན་པོ་མེད་པ་འདྲ་ཞིང་ད་ལྟ་ཐོད་ཌྰར་དང་ཙན་ཌྰར་སོགས་གང་ཡིན་ཀྱང་མཛེས་ཆོས་རྩལ་འདོན་གྱིས་ངོས་ཕར་ཚུར་གྱི་གློ་གཡས་གཡོན་དང་སྟེང་དབུས་སུ་ཟུར་བཏོད་པ་དེ་ཡང་རྒྱུད་ལས་བཤད་པ་མ་མཐོང་མོད་ཚད་དང་ལྡན་ན་འགལ་བ་ཆེན་པོ་མེད་སྙམ་མོ། ཌ་རུའི་ནང་ངོས་སུ་རྩི་དམར་འཇམ་ལེགས་པར་བྱུགས་ཏེ་ལྷའི་དཀྱིལ་འཁོར་དངོས་སམ་དེའི་སྐུ་གཟུགས་དང་།ཕྱག་མཚན་དང་། ཉེ་བསྙེན་དང་། རྩ་སྔགས་དང་། སྙིང་པོའི་སྔགས་སོགས་བྲི་དགོས་ཤིང་། དེ་ཡང་ཐོད་ཌར་ལ་སྐྱེས་པ་ལོ་བཅུ་དྲུག་ཅན་དང་། བུ་མོ་ལོ་བཅུ་གཉིས་ཅན་གཉིས་ཀྱི་ཐོད་པ་སྨིན་མཚམས་ནས་སྤྱི་གཙུག་བར་ཟླུམ་པོར་བྲེགས་པ་ལྟག་སྤྲོད་བྱས་ཏེ་ཐོད་མདུན་འོག་ཏུ་འོང་བར་བྱ། དེ་སྤྲེའུའི་པགས་པས་གཡོགས་པའི་ནང་ངོས་སུ་བུ་མོ་གཙང་མ་གྲོང་ཆོས་ཀྱིས་མ་གོས་པའི་ཟླ་མཚན་གྱིས་པདྨ་བྲིས་པའི་ལྟེ་བར་ཧྲི་དང་མཾཿ་སོགས་འབྲི་བ་དང་། ཁྱེའུ་གཙང་བའི་བྱང་སེམས་དང་བུ་མོའི་མཚལ་གྱིས་དཀྱིལ་འཁོར་བྲི་ཞིང་བྱུག དུར་ཁྲོད་དུ་དོར་བའི་སྐྲ་ཡི་སྐུད་པས་ཐོད་རུས་གཉིས་གཟེར་ཐག་བྱ་ཞིང་ཆུ་བྱ་མཐིང་རིལ་གྱི་གྱི་རྐང་པའི་རུས་པ་ཌྰ་རྡོ་བྱས་ཏེ་བརྡུང་དགོས་པ་ཡིན་ཏེ། རྒྱུད་ཆེན་སཾ་པུ་ཊ་ལས། ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུའི་པགས་པས་གཡོགས་པའོ། །དེ་བཞིན་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པ་དང་། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་བས་རུས་པ་གཉིས་ནི་བཅིང་། །ཁྱིམ་གྱི་མེ་ཏོག་གཉིས་ཀྱིས་ནི། །པདྨ་ཟེའུ་འབྲུ་གཉིས་པ་ལ།དཀྱིལ་འཁོར་ཉིད་ནི་བྲི་བར་བྱ། །ཞེས་དང་། རྒྱུད་སྔ་མ་ལས་ནི། ཕྲེཾ་ཧྰུཾ་ཞེས་ནི་བརྗོད་ནས་ནི། །ཆུ་སྐྱར་རྐང་པའི་རུས་པས་གདབ། །ཅེས་ཆུ་སྐྱར་གྱི་རྐང་རུས་ཀྱིས་བརྡུང་དགོས་པར་གསུངས་པས་སྤྱིར་རྒྱུད་དེ་གཉིས་དགོངས་པ་གཅིག་པས་ཆུ་སྐྱར་དང་མཐིང་རིལ་གཅིག་ཡིན་པ་འདྲ་ལ། ད་ལྟ་ཡོངས་གྲགས་སུ་ཆུ་སྐྱར་དེ་མཐིང་རིལ་ལ་ངོས་མི་བཟུང་བས་ན་དཔྱད་པར་བྱའོ། །བཀྲ་ཤིས་རྒྱ་མཚོའི་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་ནང་ངོས་ཀྱི་པདྨ་ལ་ཧྲི་མཾཿབྲི་བར་གསུངས་མོད་རྒྱུད་འདི་གཉིས་ཀྱི་ཚིག་ལ་དཔྱད་ན་ཕྲེཾ་ཧྰུཾ་བྲི་དགོས་པ་འདྲ་བས་དཔྱད་དགོས་ཤིང་རྒྱུད་འདི་གཉིས་ཀྱི་ངོས་བསྟན་ལ་ཕོ་ལོ་བཅུ་དྲུག་དང་མོ་ལོ་བཅུ་གཉིས་ཀྱི་གསལ་ཁ་མེད་མོད་ཁྱིམ་གྱི་མེ་ཏོག་གཉིས་ཞེས་པ་ལས་གོ་དགོས་སམ་སྙམ་པས་དཔྱད། དེ་ཡང་ཕོ་ལོ་བཅུ་དྲུག་གི་དུས་སུ་ཁུ་བ་འབབས་པ་དང་བུད་མེད་ལོ་བཅུ་གཉིས་ཀྱི་དུས་སུ་ཟླ་མཚན་འབྱུང་བ་ཡིན་ཞིང་བདེ་བ་ཁྱད་པར་ཅན་སྐྱེ་བས་དགའ་བཞིའི་ཡེ་ཤེས་སྐྱེ་བ་ལ་མཆོག་ཏུ་བསྔགས་ཕྱིར་འདི་གཉིས་ཀྱི་ཐོད་པ་ལྟག་སྤྲོད་ཀྱི་ཌ་མ་རུ་ལའང་སྔགས་ལམ་གྱི་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བ་ཡིན་ནོ། །

  ཅང་ཏེའུ་དྲྭ་བ་ཅན་ཞེས་པ་ངོས་ཕར་ཚུར་གྱི་ཁའི་ཁོར་ཡུག་ལ་བུག་པ་གཏོད་དེ་མིའི་རྒྱུས་པའི་སྐུད་པ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་མཚོན་བྱེད་དུ་སྟེང་དུ་བཅུ་དྲུག་དང་འོག་ཏུ་བཅུ་དྲུག་ཆོས་འབྱུང་གི་དབྱིབས་སུ་སྣོལ་མར་བརྒྱུས་པ་ཞིག་ཀྱང་ཡོད་པར་གསུངས་མོད་མཐོང་རྒྱུན་ཕྱག་ཐོག་ཏུ་བཀལ་བ་མཐོང་མ་མྱོང་ངོ་། །ཁ་ཅིག་བུད་མེད་ཀྱི་འདོམ་རུས་གཉིས་བྲེག་ནས་འཇམ་པོར་བྱས་པ་ཆོས་འབྱུང་གི་པགས་པས་གཡོགས་པ་སྐྱེས་པའི་རྡོ་རྗེས་རྡུང་པ་དེ་གསང་བའི་རྔ་ཆུང་ཞེས་མཁའ་འགྲོ་འབོད་པའི་རྫས་ཡིན་ཟེར་བ་ནི་གསར་རྙིང་གི་རྒྱུད་གང་ན་ཡང་ཁུངས་མེད་པའི་བླུན་པོའི་ལོག་བཤད་ཡིན་པར་རིག་འཛིན་འཇའ་ཚོན་སྙིང་པོས་གསུངས། དེ་ཡང་མཁའ་འགྲོ་དབང་དུ་བསྡུ་བར་འདོད་ན་མཚན་མོ་ལམ་གྱི་བཞི་མདོ་རུ་རྐང་པ་གཡོན་པའི་མཐེ་བོང་གིས་དཀྱིལ་འཁོར་གྲུ་བཞི་པ་ལ་ལྕགས་ཀྱུ་བྲིས་ཏེ་རང་ཉིད་དེའི་གཡོན་ངོས་སུ་གནས་ནས་མཁའ་འགྲོའི་མིང་ནས་བོས་ཏེ་གོང་བཤད་ཐོད་པའི་ཌར་ཆུང་དེ་བརྡུང་ན་མཁའ་འགྲོ་དབང་དུ་འདུ་བར་འགྱུར་ལ།གལ་ཏེ་མཁའ་འགྲོ་མ་འོང་བར་མ་གྱུར་ན་དབང་དུ་མ་ཁུགས་པ་ནི་མིན་པར་འགུག་བྱའི་མཁའ་འགྲོ་མ་དེ་ཤི་བ་ཡིན་པར་ཤེས་པར་བྱ་སྟེ། སཾ་པུ་ཊ་ལས། མཚན་མོ་བཞི་མདོ་དག་དུ་ནི། །རྐང་བ་གཡོན་པའི་མཐེ་བོང་གིས། །དཀྱིལ་འཁོར་གྲུ་བཞི་མཚམས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ། །དེར་གནས་གཡོན་པའི་ངོས་སུ་ནི། །ཇི་ལྟར་དང་པོར་མིང་བཟུང་བ། །ཕྲེཾ་ཧྰུཾ་ཞེས་ནི་བརྗོད་ནས་ནི། །ཆུ་སྐྱར་རྐང་པའི་རུས་པས་གདབ། །དེ་ལྟར་གཡོ་ལྡན་མ་ལ་སོགས། །ཐམས་ཅད་འགུགས་པར་བྱེད་པར་འགྱུར། །གལ་ཏེ་འོངས་བར་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པར་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གལ་ཏེ་ཁྲོས་པས་སློབ་དཔོན་གྱིས། །ཅང་ཏེའུ་རྡུང་བར་བྱེད་པ་ན། དེ་ཚེ་མཆི་མ་འཛག་ཅིང་ངུ་། །ཞེས་གསུངས་པའི་ཕྱིར།

     ཅང་ཏེའུའི་ཚད་ལ་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། ཤིང་ལས་བྱས་པ་དེའི་ཚད་ཇི་ལྟ་བུ་ཞེ་ན། དེའི་ཚད་ནི་བཀའ་སྩལ་པ། བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་པ་ལྔ། །དགུ་པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །ཞེས་གསུངས་ཏེ། རབ་ཚད་མཆུར་སོར་བཅུ་གཉིས་པ་ལ། ཁ་སོར་དྲུག་པ་དང་། འབྲིང་ཚད་དཔངས་སུ་སོར་བཅུ་བ། ཁའི་ཐད་ཀའི་ཞིང་ལ་སོར་ལྔ་པ་དང་། ཡང་ན་དཔངས་སོར་བཅུ་གཅིག་ཁ་ལ་དེའི་ཕྱིད། མཐའ་ཚད་དཔངས་སུ་སོར་དགུ་པ་ཁ་ལ་དེའི་ཕྱེད་ཉིད་དོ། འདི་དག་ལ་མན་སྙེར་ཞིབ་པར་མ་བཤད་ལ་བླ་མ་སྔ་མ་ཁ་ཅིག་དཔངས་ཚད་ཆ་གསུམ་མཉམ་པར་བྱས་པའི་དབུས་ཀྱི་གསུམ་ཆ་རྐེད་པའི་དཔངས་སུ་འདོད་དེ། ད་ལྟའི་རང་དགའ་བ་ལ་རྐེད་པ་རིང་བ་ལྟ་བུ་བྱུང་ཡང་། རྒྱུད་ནས་བཤད་པ་ལྟར་དྲ་བ་བྱས་བ་ན། དེའི་སྐྱོན་མེད་ཅིང་དྲ་བ་སོར་མོས་བསྡམས་པ་དང་། ལྷོད་པའི་བྱེ་བྲག་གིས་དབྱུང་བར་བྱ་བའི་སྒྲ་རྣམས་སྙན་པར་འགྱུར་རོ། །ཞེས་གསུངས་པ་དང་། སྔགས་ཆས་རྣམ་བཤད་ལས། གསུམ་པ་ཚད་ནི། ཆེ་ཚད་ལ་མཆུ་རུའམ་སྲིད་དུ་སོར་བཅུ་གཉིས་དང་ཁའི་ཞེང་ལ་སོར་དྲུག་ཅན་དང་། འབྲིང་ཚད་ལ་སྲིད་དུ་སོར་བཅུ་པ་དང་ཁ་ཞེང་ལ་སོར་ལྔ་ཅན་དང་། ཡང་ན་སྲིད་དུ་སོར་བཅུ་གཅིག་དང་། ཁའི་ཞེང་ཚད་ལ་སོར་ལྔ་དང་ཕྱེད་ཅན་དང་། ཆུང་ཚད་ལ་སྲིད་དུ་སོར་དགུ་དང་ཁའི་ཞེང་ལ་སོར་བཞི་དང་ཕྱེད་ཅན་དག་དགོས་པར་གསུངས་ཏེ། སཾ་པུ་ཊ་ལས།དེ་ཡི་ཚད་འདི་བཀའ་སྩལ་པ། །བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་པ་དང་ནི་བཅུ་གཅིག་ཉིད། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །ཞེས་གསུངས་པའི་ཕྱིར།     

  ཌ་མ་རུའི་མཚོན་དོན་ལ་མཁས་གྲུབ་རྗེས། དེ་ཡང་ཐོད་པའི་སྐད་དོད་ཀཾ་བཱ་ལ་ཀཾ་བདེ་བ་དང་། བཱ་ལ་སྐྱོང་བ་ལ་འཇུག་པས་བདེ་བ་སྐྱོང་བའི་གནས་ཕྱག་རྒྱའི་པདྨ་མཚོན་ལ། ནང་དུ་བཀོད་པའི་འདོད་པའི་ལྷའི་མཚན་མས་ནི་གནས་དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་བའི་བདེ་བ་མཚོན་ཞིང་། བདེ་ཆེན་ལ་དགའ་བ་བཅུ་དྲུག་ཏུ་ཡོད་པ་ནི་དྲ་བའི་རེའུ་མིག་གིས་མཚོན་ལ།  ཌ་མ་རུའི་སྒྲས་ནི་ཟབ་མོ་སྟོང་བ་ཉིད་སྒྲོགས་པར་སེམས་པར་བཤད་པས། ཐོད་པ་སོགས་ཀྱིས་མཚོན་པའི་བདེ་བ་ཆེན་པོ་དང་སྒྲས་བརྗོད་པའི་དོན་སྟོང་བ་ཉིད་དབྱེར་མི་ཕྱེད་པར་སྦྱར་བའི་ཐབས་ཤེས་གཉིས་སུ་མེད་པ་མཚོན་པར་བྱེད་དོ། དེས་ན་ཌ་མ་རུའི་གཟུགས་ཀྱིས་ཐབས་བདེ་བ་ཆེན་པོ་མཚོན་པས། བརྟག་གཉིས་ལས། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། ཅེས་གསུངས་ལ། དེའི་སྒྲས་སྟོང་ཉིད་སྒྲོགས་པའི་ཆ་ནས་བདེ་མཆོག་གི་རྒྱུད་དང་རྒྱ་གཞུང་མང་པོར། ཤེས་རབ་ཌ་མ་རུ་ཡི་སྒྲ། །ཞེས་གསུངས་སོ། །

  རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས། བཞི་བ་མཚོན་དོན་ནི། ཌ་རུའི་ཁོག་པ་དང་པགས་གཡོགས་དང་རྡུང་བྱེད་དང་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་བརྟེན་ནས་སྒྲ་འབྱུང་བ་ནི་ཆོས་ཐམས་ཅད་བརྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་དོན་དང་། སྒྲ་ནི་གྲགས་སྟོང་སྐྱེ་འགགས་མེད་པ་ཆོས་ཉིད་ཀྱི་སྒྲ་མཚོན་བྱེད་ཡིན་པ་དང་། ཀྱེ་རྡོ་རྗེ་ལས། ཁ་ཊྭྰཾ་ག་གཟུགས་ཤེས་རབ་སྟེ། ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ་ཉིད། ཅེས་གསུངས་པ་ལྟར་ན་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་བྱེད་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁ་ཊྭྰཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་རུ་བརྟག །ཅེས་གསུངས་པ་ལྟར་ན་ཤེས་རབ་སྟོང་ཉིད་ཀྱི་དོན་མཚོན་བྱེད་དུ་གསུངས་པ་དང་། རྒྱུད་མངོན་བརྗོད་བླ་མ་ལས། ཁ་ཊྭྰཾ་ག་ནི་ལྷ་ཡི་སྐུ། །ཌ་མ་རུ་སྒྲ་ཤེས་རབ་ཡིན། །ཞེས་གསུངས་པ་ལྟར་ན་ཌ་མ་རུའམ་ཅང་ཏེའུ་ཡི་གཞི་ཐབས་བདེ་བ་ཆེན་པོ་དང་སྒྲ་ཤེས་རབ་སྟོང་བ་ཉིད་མཚོན་བྱེད་དང་། ཌ་སྒྲས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཆོས་སྒྲ་སྒྲོག་པར་མཚོན་པར་གསུངས་སོ། །འོ་ན་ཅང་ཏེའུ་ཞེས་པའི་མིང་རྒྱུད་ལས་བྱུང་མོད་དེ་ལ་ཌ་མ་རུ་ཞེས་པའི་མིང་རྒྱུད་ལས་མ་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། རྒྱུད་ལས་ཌ་མ་ཞེས་བྱུང་བ་མངོན་བརྗོད་བླ་མ་དང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་དྲངས་མ་ཐག་པ་ལྟར་དང་། གཞན་ཡང་ཕྱི་མ་དེ་ཉིད་ལས། རྩེ་གསུམ་གྲི་གུག་ཌ་མ་རུ། ། ཞེས་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། ཁ་ཊྭྰཾ་ག་དང་ཌྰུ་མ་རུ། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། རྡོ་རྗེ་ཐོད་པ་ཁ་ཊྭྰཾ་བཅས། །ཌ་མ་རུ་རྡུང་ཧྰུཾ་སྒྲ་སྒྲོག །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཐོད་པ་དང་ནི་ལྕགས་ཀྱུ་དང་། ཁ་ཊྭྰཾ་ཌྰམ་རུ་དེ་བཞིན་ནོ། ཞེས་དང་། གཤོལ་དང་དེ་བཞིན་ཌ་མ་རུ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཁ་ཊྭྰཾ་ཌ་མ་རུ་དེ་བཞིན། །ཞེས་དང་། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལས། དེ་ནས་རྡོ་རྗེ་སློབ་དཔོན་གུ་རུ་ཡིས། །ཌ་མ་རུ་རྡུང་མ་མོ་དྲག་ཏུ་འབོད། །ཅེས་དང་། རྟམཆོག་རོལ་བ་ལས། རལ་གྲི་ཐོད་པ་ཌ་མ་རུ། །ཞེས་གསུངས་པ་སོགས་གསར་རྙིང་གི་རྒྱུད་དུ་མ་ལས་ཌ་མ་རུ་ཞེས་དངོས་སུ་བསྟན་པ་མཐའ་ཡས་པའི་ཕྱིར་རོ། །

   དགོས་པའམ་ཕན་ཡོན་ལ་རྣལ་འབྱོར་རོལ་བའི་དགའ་སྟོན་ལས། གསུམ་པ་དགོས་པ་ནི། དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་དཀྲོལ་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྒྲའི་རྣམ་རོལ་ཏུ་ཤར་བས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་སོགས་པ་མཉེས་པར་བྱེད་པའི་མཆོད་པའི་དོན་དང་། དེ་ལས་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ་བར་འགྱུར་བ་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་མྱུར་དུ་འདུ་ཞིང་། བྱིན་གྱིས་རློབ་པ་དང་། དབང་དུ་འགྱུར་བ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་སྒྲ་དེས་ཐུགས་རྒྱུད་བསྐུལ་ནས་འཕྲིན་ལས་ལ་སྦྱོར་བར་བྱེད་པ་ཡིན་ལ། རང་ལྷའི་ང་རྒྱལ་དང་རྣལ་འབྱོར་བརྟན་པ་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྔགས་པ་ཡིན་ན་གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་ཅང་ཏེའུ་ལ་བརྟེན་ནས་དགོས་པ་བསྒྲུབ་ཚུལ་ཁྱད་པར་པ་འདི་ལྟར་གསུངས་ཏེ། ཁ་སྦྱོར་གྱི་བརྟག་པ་དགུ་པའི་རབ་བྱེད་བཞི་པ་ལས། མཚན་མོ་བཞི་མདོ་དག་ཏུ་ནི། རྐང་པ་གཡོན་པའི་མཐེ་བོང་གིས།  དཀྱིལ་འཁོར་གྲུ་བཞིའི་མཚམས་སུ་ནི། རྡོ་རྗེ་ལྕགས་ཀྱུ་བྲི་བར་བྱ།དེར་གནས་གཡོན་པའི་ངོས་སུ་ནི། ཇི་ལྟར་དང་པོ་མིང་བཟུངས་པ། ཁྲཻཾ་ཧྰུཾ་ཞེས་ནི་བརྗོད་ནས་ཀྱང་། ཆུ་སྐྱར་རྐང་པའི་རུས་པས་བརྡབ། དེ་ལྟར་གཡོ་ལྡན་མ་ལ་སོགས། ཐམས་ཅད་དགུག་པར་བྱེད་པར་འགྱུར། གལ་ཏེ་འོངས་པར་མ་གྱུར་ན། དེ་ཚེ་མཁའ་འགྲོ་མ་ཀུན་འཆི། ངེས་པ་ཉིད་དུ་འགྲུབ་འགྱུར་པས། ངས་གསུངས་པ་ལ་ཐེ་ཚོམ་མེད། གལ་ཏེ་ཁྲོས་པས་སློབ་དཔོན་གྱིས། ཅང་ཏེའུ་རྡུང་བར་བྱེད་པ་ན། དེ་ཚེ་མཆི་མ་འཛག་ཅིང་ངུ། ཞེས་གསུངས་ལ། སྒྱུ་དྲར་ཡང་དེ་དང་མཚུངས་པར་གསུངས་སོ། །དེའི་དོན་ནི། མཚན་མོ་ལ་མ་ཕྱོགས་བཞིར་བསྣོལ་བའི་དབུས་སུ་སོང་སྟེ། དེར་རྐང་པ་གཡོན་པའི་མཐེ་བོང་གིས་ས་ལ་རི་མོ་གྲུ་བཞི་བྱས་པའི་མཚམས་སུ། ལྕགས་ཀྱུའི་མཚན་མ་བྲིས་ཏེ། རང་ཉིད་ལྷའི་ང་རྒྱལ་བརྟན་པོས་དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་ལག་པ་གཡས་ཌ་མ་རུ་དྲག་ཏུ་འཁྲོལ་ཞིང་། གང་དགུག་པར་འདོད་པའི་ཞིང་སྐྱོང་གི་མཁའ་འགྲོ་མ་གཡོ་ལྡན་མ་ལ་སོགས་པ་དེ་དག་གི་མིང་དང་སྦྱར་བའི་ཁྲཻཾ་ཧྰུཾ་སྒྲ་བསྒྲགས་པར་བཟླས་པར་བྱས་ལ། དེའི་ཚེ་རྐང་པ་གཡོན་པ་སྟེང་དུ་ཆུ་སྐྱར་གྱི་རྐང་པ་བཞིན་བྱས་ནས་འོག་ཏུ་མཁའ་འགྲོ་མ་དེ་བསམས་པའི་སྟེང་དུ་བརྡབ་པ་ཉིད། ཆུ་སྐྱར་རྐང་པའི་གནས་སུ་བརྡབ་ཅེས་སྟོན་ནས་དེའི་དོན་དུ་མན་སྙེར་བཤད་ཅིང་། མཁའ་འགྲོ་མའི་མིང་དང་པོར་ཏེ། སྔོན་དུ་འཛིན་པས་སྔགས་བརྗོད་ཚུལ་ནི། ཆེ་གེ་མོ་ཨ་ཀརཥ་ཡྰ་མི་ཁྲཻཾ་ཧྰུཾ་ཞེས་པ་ལྟ་བུར་མན་སྙེ་ལས་བཤད་དེ། ཀམྦོ་ཛི་ཨ་ཀརཥ་ཡྰ་མི་ཁྲཻཾ་ཧྰུཾ། ཙྰ་མུཎིཌྰ་ཨ་ཀརཥ་ཡྰ་མི་ཁྲཻཾ་ཞེས་སོགས་ཇི་ལྟར་རིགས་པར་སྦྱར་རོ། དེ་ལྟར་བྱས་ན་གང་བོས་པའི་མཁའ་འགྲོ་དེ་དག་དེ་མ་ཐག་ཏུ་འོང་ཞིང་། གང་བསྒོ་བའི་ལས་བསྒྲུབ་པ་ལ་དབང་དུ་འགྱུར་ཏེ། དེ་ལྟར་བྱས་ཀྱང་དེ་དག་མ་འོངས་ན་འཆི་བ་དང་། རྣལ་འབྱོར་པ་ཁྲོས་པས་དེ་ལྟར་བྱས་ཏེ་ཅང་ཏེའུ་དཀྲོལ་ན་མཁའ་འགྲོ་མ་དེ་དག་འདར་ཞིང་སྐྲག་ནས་དུ་བར་གསུངས་སོ། །བླ་མ་ཁ་ཅིག ས་དེར་དོང་བྲུས་པའི་ནང་དུ་ཚོགས་འཁོར་གྱི་ལྷག་མ་ཕུད་དང་བསྲེས་པ་བླུག་པར་བྱ་ཞེས་ཟེར་བ་ལ་ཤེས་བྱེད་མི་སྣང་ངོ། བླ་མ་སྔ་མ་ཁ་ཅིག  བུད་མེད་ཀྱི་བརླའི་དཔྱི་གཉིས་དང་ཚིགས་པའི་རུས་པ་འབྲེལ་བ་བྲེགས་ནས་འཇམ་པོར་བྱས་ཏེ། བྷ་གའི་པགས་པས་གཡོགས་ཤིང་སྐྱེས་པའི་རྡོ་རྗེས་རྡུང་བྱེད་བྱས་པ་ནི་མཁའ་འགྲོ་མ་འབོད་པའི་གསང་བའི་རྡེ་ཆུང་དང་། སྐྱེས་པ་བསད་པའི་བརླའི་རྐང་ཕྲ་བའི་ཕྱོགས་ནས་བརྩམས་ཏེ་མཐེབ་སོར་བཅུ་གཉིས་ཀྱི་ཚད་བྲེགས་ནས་བུད་དུ་རུང་བར་བྱས་པ་དུང་ཆེན་གྱི་གླིང་བུར། གསང་སྔགས་ཀྱི་སྤྱོད་པ་མཆོག་ཏུ་གསང་བ་རྒྱ་མཚོའི་རྒྱུད་ལས་འབྱུང་ངོ་ཞེས་འཆད་དེ། རྒྱུད་དེ་ད་ལྟ་མི་སྣང་ཞིང་། སྔགས་གསར་མའི་གཞུང་ཁུངས་ཐུབ་གཞན་ལས་མི་འབྱུང་ངོ་ཞེས་གསུངས་སོ། །གཞན་ཡང་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས། ཕན་ཡོན་སྐོར་ལ་འདི་ལྟར། ལྔ་པ་དགོས་པའམ་ཕན་ཡོན་ནི། ནད་དང་། རིམས་དང་། གདོན་དང་། དུག་ལ་སོགས་པ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ཞིང་ཡིད་བདེ་བ་དང་དགའ་བ་དང་བདེ་སྟོང་གི་ཉམས་ཁྱད་པར་བ་སོགས་འཕེལ་བ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་བ།། ཇི་ལྟར་བབས་པའི་གར་བྱེད་པས། །རིམ་ས་དང་གདོན་དང་དུག་ཞེན་པའི། །སྡུག་བསྔལ་ཐམས་ཅད་མྱུར་དུ་སེལ། །ཞེས་དང་། མངོན་བརྗོད་བླ་མ་ལས། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི། །ཡིད་ནི་དགའ་བར་གྱུར་ནས་སུ། །དགའ་བ་ཡི་ནི་བསམ་པ་ཡིས། །ཅང་ཏེའུ་སྒྲ་ཡིས་བསྐུལ་ན་ནི། ། མཉམ་ཉིད་དགའ་ལས་བཞེངས་པར་འགྱུར། ཨྰ་ལི་ཀྰ་ལི་མཉམ་སྦྱོར་བ། བདེ་བ་ཆེན་པོ་དགྱེས་པར་གྱུར། ། ཞེས་གསུངས་པའི་ཕྱིར་རོ། །དགོས་པ་དངོས་ནི། ཌ་མ་རུ་ཚད་ལྡན་བརྡུང་ན་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པར་འགྱུར་ཞིང་རང་གི་བསོད་ནམས་ཀྱི་ཚོགས་སུ་འགྱུར་པ་དང་། མཁའ་འགྲོ་མ་ཐམས་ཅད་དབང་དུ་འདུ་བ་དང་། ཆོས་སྐྱོང་སྲུང་མའི་ཐུགས་རྒྱུད་བསྐུལ་བ་དང་། བགེགས་རྣམས་སྐྲག་པར་འགྱུར་བ་དང་། རིག་པ་བརྟུལ་ཞུགས་ཀྱི་ཉམས་བསྐྱེད་པ་དང་། རྡུང་པ་པོ་འཇིགས་མེད་ཧེ་རུ་ཀའི་རྣལ་འབྱོར་རིག་པར་འགྱུར་པ་དང་། ཐབས་ཤེས་ཀྱི་དོན་དྲན་པར་བྱེད་པ་ལ་སོགས་པ་ནི་ཌ་མ་རུའི་དགོས་པའོ། །ཞེས་གསུངས་པའི་ཕྱིར།

   ཌ་མ་རུ་དཀྲོལ་ཚུལ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ།  གཉིས་པ་དཀྲོལ་བའི་ཚུལ་ནི། ཅང་ཏེའུའི་དག་པ་དྲན་པའི་སྒོ་ནས་དཀྲོལ་བར་བྱ་སྟེ། དེ་ཡང་ཐོད་པའི་སྐད་དོད་ཀཾ་བྰ་ལ་ཀཾ་བདེ་བ་དང་། བཱ་ལ་སྐྱོང་བ་ལ་འཇུག་པས་བདེ་བ་སྐྱོང་བའི་གནས་ཕྱག་རྒྱའི་པདྨ་མཚོན་ལ། ནང་དུ་བཀོད་པའི་འདོད་པའི་ལྷའི་མཚན་མས་ནི་གནས་དེར་མངོན་དུ་བྱས་པའི་ལྷན་ཅིག་སྐྱེས་བའི་བདེ་བ་མཚོན་ཞིང་། བདེ་ཆེན་ལ་དགའ་བ་བཅུ་དྲུག་ཏུ་ཡོད་པ་ནི་དྲ་བའི་རེའུ་མིག་གིས་མཚོན་ལ།  ཌ་མ་རུའི་སྒྲས་ནི་ཟབ་མོ་སྟོང་བ་ཉིད་སྒྲོགས་པར་སེམས་པར་བཤད་པས། ཐོད་པ་སོགས་ཀྱིས་མཚོན་པའི་བདེ་བ་ཆེན་པོ་དང་སྒྲས་བརྗོད་པའི་དོན་སྟོང་བ་ཉིད་དབྱེར་མི་ཕྱེད་པར་སྦྱར་བའི་ཐབས་ཤེས་གཉིས་སུ་མེད་པ་མཚོན་པར་བྱེད་དོ། དེས་ན་ཌ་མ་རུའི་གཟུགས་ཀྱིས་ཐབས་བདེ་བ་ཆེན་པོ་མཚོན་པས། བརྟག་གཉིས་ལས། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། ཅེས་གསུངས་ལ། དེའི་སྒྲས་སྟོང་ཉིད་སྒྲོགས་པའི་ཆ་ནས་བདེ་མཆོག་གི་རྒྱུད་དང་རྒྱ་གཞུང་མང་པོར།ཤེས་རབ་ཌ་མ་རུ་ཡི་སྒྲ། ། ཞེས་གསུངས་སོ། །ཁ་སྦྱོར་དུ། ཅང་ཏེའུའི་རྣམ་བཞག་གི་གོང་དེ་མ་ཐག་ཏུ། སིལ་སྙན་ཡང་དག་སྦྱོར་མཚན་ཉིད། བཤད་པར་བྱ་ཡི་ལྷ་མོ་ཉོན། ཞེས་གསུངས་ནས། ཨ་ར་ཨ་ར་ཞེས་སོགས་ཀྱིས་རྡོ་རྗེ་འཛིན་པ་ལ་སོགས་པ་དང་། འདོད་རྒྱལ་དང་། རྟ་མགྲིན་དང་། གཤིན་རྗེའི་གཤེད་དང་། སྒྲོལ་མ་རྣམས་ཀྱི་རོལ་མོའམ་སིལ་སྙན་གྱི་སྔགས་རྣམས་གསུངས་པ་ལ། མན་སྙེར་བཤད་པ་ཆེར་མ་བྱུང་ཞིང་། ཁ་ཅིག་ཅང་ཏེའུ་ལས་གཞན་པའི་སིལ་སྙན་རྣམས་བྱིན་གྱིས་རློབ་པའི་སྔགས་ཡིན་གྱི། རོལ་མོའི་སྒྲ་ལ་མི་སྦྱོར་ཞིང་། ཅང་ཏེའུ་ལའང་མི་སྦྱོར་ཞེས་ཟེར་རོ། །ཁ་ཅིག་འདི་དག་ནི་ཅང་ཏེའུ་དང་རྫ་རྔ་ལ་སོགས་པ་ཐམས་ཅད་ཀྱི་སྒྲའི་རྣམ་པ་ལ་ཡང་དག་པར་སྦྱོར་བའི་སྔགས་ཀྱི་མཚན་ཉིད་བཤད་པར་བྱ་ཞེས་པའི་དོན་དུ་འཆད་དོ། འདི་ཉིད་ལེགས་པར་མངོན་ལ། དེ་ལྟར་ན་ཅང་ཏེའུ་ལ་ཇི་ལྟར་སྦྱོར་བ་གཤིན་རྗེའི་གཤེད་ཀྱི་རོལ་མོའི་སྔགས་གསུངས་པ་ལ་མཚོན་ལ།   ཧྲིཾ་ཥྷྰཾིཿཧྲིཾ་ཥྷྲྰཾིཿཧྲིཾ་ཥྷྰཾིཿ   ཞེས་ལན་བརྒྱར་གསུངས་ཏེ།  མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་ཌ་མ་རུའི་རྐེད་པའི་དྲ་བ་བསྣོལ་མཚམས་ཀྱི་སྟེང་གི་རྐེད་དཀྲིས་ཀྱི་སྟེང་ནས་བཟུང་བའི་མཐེ་བོང་དང་། མཛུབ་མོས་གནོན་པ་ཐང་ལྷོད་དང་སོར་མོས་དྲ་བ་ལ་ནེམ་ནེམ་བྱེད་ཚུལ་གྱི་དབང་གིས་རྡུང་བྱེད་ཀྱི་རིལ་བུ་གཉིས་ཕོག་པའི་རིམ་པ་བཞིན་ ཧྲཾིཿཥྷྰཾི ཞེས་པའི་སྒྲའི་རྣམ་པར་འབྱུང་བ་དེ་ལྟ་བུ་བྱ་བའི་དོན་ནོ། །ཞེས་དང་། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས། དྲུག་པ་ཌ་མ་རུ་མཚན་ཉིད་ཚང་པ་ལ་བྱིན་བརླབས་དང་རབ་གནས་ལེགས་པོར་བྱས་ལ་ས་སྒྲེ་བོར་འཇོག་པ་དང་། འགོམ་ཡུག་དང་དམན་སར་འཇོག་པ་རྣམས་སྤང་ནས་གཙང་སར་ཤུབས་བཟང་པོར་འཇོག་དགོས་སོ། ། འཇོག་ཚེ་ཕོ་ཐོད་དང་བྱང་སེམས་དཀར་པོ་བྱུགས་པའི་ངོས་དེ་གཡས་ཕྱོགས་དང་། མོ་ཐོད་དང་ཁམས་དམར་བྱུགས་པའི་ངོས་དེ་གཡོན་ཕྱོགས་སུ་བསྟན་ཏེ་འཇོག་གོ། དེ་ཡང་ཟུར་དུ་བསླངས་ནས་འཇོག་པ་ལས་པགས་པས་གཡོགས་པའི་ངོས་ཅིག་ས་ལ་ཕབ་ནས་འཇོག་པ་སྤང་དགོས། བརྡུང་ཚུལ་ཡང་ལག་པ་གཡས་པས་རྡུང་པ་ལས་གཡོན་པས་མི་བརྡུང་། ལག་གཡས་ཀྱི་མཐེ་བོང་དང་མཛུབ་མོས་ཌ་མ་རུའི་སྐེད་དཀྲིས་བསྣོལ་མཚམས་ནས་བཟུང་སྟེ་ཐང་ལྷོད་མེད་པར་བརྡུང་། བགེགས་སྐྲད་ལ་མཐེ་བོང་ཕྱིར་བསྟན་དང་། བྱིན་རླབས་དང་དབང་སྐུར་སོགས་ལ་མཛུབ་མོ་ནང་བསྟན་གྱིས་བརྡུང་དགོས་པར་གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེས་གསུངས་ཞེས་སྔགས་འཆང་རྒྱན་གྱི་མེ་ཏོག་ཏུ་གསུངས། གཏེར་ཁ་རྣམས་སུ་ཉིས་རྡུང་དང་། སུམ་རྡུང་སོགས་རྡུང་ཚུལ་དུ་མ་ཞིག་བཤད་དོ། །

 

 

  

<