ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་།

2018-08-27

 

   ཁྲི་ཀའི་ཡུལ་ལྷ་ཁང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་མཁར་གྱི་ནུབ་འདབས་སུ་སྤྱི་ལེ6ཙམ་གྱི་མཚམས་ཏེ། ཆུ་ནུབ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲང་གཞུག་སྡེ་བའི་ནུབ་རྒྱུད་ཀྱི་ཤ་འབུམ་གདོང་སྣའི་ཤར་ངོས་སུ་བཞེངས་ཡོད། འདིའི་ཤར་ཕྱོགས་ནི་ལུང་ཆེན་གྲམ་པའི་ཆུ་དང་། ལྷོ་ཕྱོགས་ནི་ཆུ་ཁོལ་ཁྲེ་ཙེ་ཞོལ་མ། ནུབ་ཕྱོགས་ནི་ཤ་འབུམ་གདོང་སྣ། བྱང་ཕྱོགས་ནི་རྨ་ཆུའི་འགྲམ་ངོགས་བཅས་དང་འབྲེལ་ཡོད་ལ། ཆུ་ཁོལ་ལུང་བའི་ཆུ་ནི་ལྷ་ཁང་འདིའི་འདབས་ནས་བཞུར་ཏེ་བྱང་གི་ཕྱོགས་ཀྱི་རྨ་ཆུར་འདྲེས་ཡོད། 

   ངོ་སྤྲོད།

  ཁྲི་ཀའི་ཡུལ་ལྷའི་སྐྱེས་རབས་ལོ་རྒྱུས་སུ་བཀོད་པ་ལྟར་ན། ལྷ་ཁང་འདི་ནི་མིང་རྒྱལ་རབས(སྤྱི་ལོ1368ནས1644ལོའི་བར)ཀྱི་དུས་མཇུག་ཏུ་བཞེངས་པ་ཞིག་ཡིན། ཆིང་རྒྱལ་རབས(སྤྱི་ལོ1644ནས1911ལོའི་བར)ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པར(སྤྱི་ལོ1867ལོར)མེ་དགྲ་ཆེན་པོ་ཞིག་གི་ཁྲོད་དུ་འཇིག་པར་གྱུར་ཀྱང་། ཐུང་ཀྲི་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ1874ལོར)བསྐྱར་དུ་བཞེངས་འགོ་བརྩམས་ཏེ། གོང་མ་ཆིང་ཏེ་ཙུང་གི་ཀོང་ཞུས་ཁྲི་ལོ་གཉིས་པར(སྤྱི་ལོ1876ལོར)ཡོངས་སུ་གྲུབ། 1958ལོར་སླར་ཡང་ཆག་འཇིག་བྱུང་ཡང་། 1982ལོར་སྔོན་གྱི་ཤུལ་ནས་སྔར་གྱི་གཞི་ཁྱོན་ཇི་བཞིན་དུ། ད་ལྟའི་ཡུལ་ལྷའི་ལྷ་ཁང་འདི་ཉིད་བསྐྱར་དུ་བཞེངས།

  དེ་ཡང་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་རུ་གྲགས་པའི་ལྷ་གཉན་འདི་ནི། ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཙི་ཐུང་ས་ཆའི“ཙི་ཐུང་ལྷ་གཉན”ཀྱི་རྣམ་སྤྲུལ་ཡིན་པར་བཤད་དེ། ལྷ་གཉན་འདིའི་རང་གི་སྐྱེ་བ་གོང་མར་མིའི་སྲིད་པ་བཟུང་དུས་ཀྱི་མཚན་ལ་ཀྲང་ཡ་ཙི་ཟེར། ཀྲང་ཡ་ཙི་ཞེས་པའི་སྐྱེས་བུ་དེ་ནི་ཅིན་རྒྱལ་རབས་ཤར་མའི(སྤྱི་ལོ317ནས420ལོའི་བར)སྐབས་སུ་བྱོན་པ་ཞིག་ཡིན་ཞིང་། ཁོང་ནི་མ་ཡུམ་ལ་སྲི་ཞུ་མཐའ་འཁྱོལ་བར་བྱེད་པ་ཞིག་ཡིན་པར་མ་ཟད། ད་དུང་ཁོང་ནི་དགེ་བའི་ལས་ལ་ཤིན་ཏུ་སྤྲོ་ཞིང་མི་སེར་གྱི་ཕྱོགས་སུ་གཏོང་ཕོད་ཆེ་བ་དང་། གསོ་རིག་ལའང་ཧ་ཅང་མཁས་པ་ཞིག་ཡིན་པས། ཁོང་ཉིད་ཅིན་རྒྱལ་རབས་ཤར་མའི་སྐབས་ཀྱི་དཔོན་པོ་ཞིག་ལ་བསྐོས་རྗེས། ཁོང་གིས་འབངས་མི་སེར་གྱི་དཀའ་ཁག་སྣ་ཚོགས་སེལ་ཅི་ཐུབ་བྱས་པ་དང་། ཁྱད་པར་དུ་དབུལ་ཕོངས་མི་སེར་ལ་ཅི་ནུས་ཀྱིས་ནད་བརྟག་སྨན་བཅོས་དང་རྒུད་སྐྱོབ་ཕོངས་སེལ་བྱས་པ་བཅས་ལ་བརྟེན་ནས། ཆབ་འབངས་གྲངས་མེད་པ་ཞིག་སྡུག་བསྔལ་སྣ་ཚོགས་དང་དཀའ་ཉེན་ཅི་རིགས་ལས་སྐྱོབ་ཅི་ཐུབ་བྱས་སྟབས། ཀྲང་ཡ་ཙི་ནི་མི་དམངས་ཀྱིས་སེམས་གཏིང་ནས་དད་གུས་བྱེད་སའི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར། དེ་ནས་རིང་བོར་མ་ཐོགས་པར་ཁོང་ཉིད་དམག་ཐོག་ཏུ་གྲོངས་རྗེས། འབངས་མི་སེར་གྱིས་དམ་པ་དེ་ཉིད་ལ་སི་ཁྲོན་གྱི་ཙི་ཐུང་ས་ཆར་ཆེད་དུ་མཆོད་ཁང་ཞིག་བཞེངས་ཤིང་། ཁོང་ནི་ས་ཆ་དེའི་གཞི་བདག་གལ་ཆེན་ཞིག་ཏུ་བརྩིས་ཏེ་མཆོད་བཀུར་བྱས་པའི་རྐྱེན་གྱིས། དེ་ནས་བཟུང་ཁོང་གི་མཚན་ལ“ཙི་ཐུང་ལྷ་གཉན”དུ་འབོད་པ་བྱུང་ལ། ཙི་ཐུང་ལྷ་གཉན་གྱི་ལྷ་ཁང་ཡང་ཡུལ་ལྷའི་ལྷ་ཁང་གི་ཐོག་མ་ཡིན་པར་གྲགས། ཕྱིས་སུ་ཙི་ཐུང་ལྷ་གཉན་གྱིས་ཐང་རྒྱལ་རབས(སྤྱི་ལོ618ནས907ལོའི་བར)ཀྱི་དམག་དཔུང་གིས་ཟིང་འཁྲུག་བདེ་རུ་འགོད་པར་སྡོངས་གྲོགས་མཛད་པར་བརྟེན། གོང་མ་ཐང་ཞོན་ཙུང་གིས་ཙི་ཐུང་ལྷ་གཉན་ལ་གཡོན་བཞུགས་བློན་ཆེན་གྱི་ཆོ་ལོ་ཕུལ། ཐང་རྒྱལ་རབས་ཀྱི་གོང་མ་དེས་ལྷ་གཉན་འདིའི་དབུ་འཕང་ཆེད་དམིགས་ཀྱིས་གོང་དུ་བསྟད་ཅིང་བཀུར་བའི་མཐུས། ལྷ་གཉན་འདི་ནི་ཙི་ནའི་རྒྱལ་ཁམས་ཧྲིལ་བོས་མཆོད་བཀུར་བྱེད་པའི་ལྷ་གཉན་ཐུ་བོ་ཆེ་ཞིག་ཏུ་གྱུར་པ་རེད། གཞན་ཡང་། ཙི་ནའི་དམངས་ཁྲོད་དུ་གྲགས་ཚོད་ལྟར་ན། ཙི་ཐུང་ལྷ་གཉན་ཀྲང་ཡ་ཙི་ནི། “ཝུན་ཁྲང་ཞིན”ཞེས་པའི་སྐར་ལྷ་ཞིག་སྟེ། རིག་ལྡན་སྐར་མ་རུ་འབོད་པའི་སྐར་ལྷ་ཞིག་གི་སྤྲུལ་བ་ཡིན་པར་བཤད་པས། སུང་རྒྱལ་རབས་ལྷོ་མའི(སྤྱི་ལོ1127ནས1279ལོའི་བར)གོང་མ་སུང་ཀོང་ཙུང་གིས་སྲིད་སྐྱོང་བའི་དུས་སྐབས་སུ། ཙི་ཐུང་ལྷ་གཉན་ཀྲང་ཡ་ཙི་དང་རིག་ལྡན་སྐར་ལྷ་དེ་གཉིས་ངོ་བོ་དབྱེར་མེད་དམ། གཞི་གཅིག་ཏུ་སྦྱར་ནས་བཀུར་ཅིང་ཁོང་གི་དབུ་འཕང་རབ་ཏུ་བསྟད་ནས། ཁོང་ལ“ཝུན་ཁྲང་ཏི་ཅུན”ཞེས་པ་སྟེ། “ཝུན་ཁྲང་ལྷ་ཆེན”ཞེས་པའི་ཆོ་ལོ་ཕུལ་བར་གྲགས་ཤིང་། ཆོ་ལོ་འདི་ཕུལ་བའི་ཐད་ལ་བཤད་ཚུལ་གཞན་ཡང་ཡོད་ཀྱང་འདིར་བཏང་སྙོམས་སུ་བཞག་གོ།

  ཆིང་རྒྱལ་རབས(སྤྱི་ལོ1644ནས1911ལོའི་བར)ཀྱི་སྐབས་སུ། གནའ་བོའི་དུས་ཀྱི་ཙི་ཐུང་ལྷ་གཉན་ནམ་དེང་གི་དུས་ཀྱི་ཁྲི་ཀའི་ཡུལ་ལྷ་འདི་ཉིད་ཀྱིས། སྐབས་དེར་ཆིང་གོང་མའི་སྲིད་གཞུང་གི་དྲང་བདེན་སྐྱོང་བའི་འཁོར་བློན་ཞིག་གི་སྐུའི་སྐྱེ་བ་བཞེས་དུས། བདུད་བློན་གྱི་དབྱེན་ཕྲའི་དབང་གིས་ཁོང་ལ་གོང་མའི་བཀའ་ཆད་ཕོག་སྟེ་སྐུ་སྲོག་ཤོར་བར་གྱུར། སྐྱེ་བ་དེའི་རྗེས་སུ་ཁོང་གིས་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་པའི་མཐུ་རྩལ་ཅན་ཞིག་གི་སྐུའི་སྐྱེ་བ་བཞེས། སྐུ་ཚེ་དེར་བོད་ཀྱི་མཚན་ལྡན་བླ་མ་དུ་མས་མི་མ་ཡིན་དེ་དགྱེས་བཞིན་དུ་རྗེས་སུ་བཟུང་བར་གྲགས་སོ།། ཙི་ཐུང་ལྷ་གཉན་གྱིས་མི་མ་ཡིན་གྱི་སྐྱེས་བ་བཞེས་པའི་སྐུ་ཚེ་དེ་ལ། ཆིང་རྒྱལ་རབས་ཀྱི་སྐབས་དེའི་གོང་མའི་དབུ་བླ་སྟེ། དགའ་ལྡན་གསེར་ཁྲི་བྱང་རྩེ་རྒྱ་ནག་པ་བློ་གྲོས་རྒྱ་མཚོའམ་འཇམ་དབྱང་བསྟན་པའི་ཉི་མ(སྤྱི་ལོ1686ནས1738

  ལོའི་བར)ཚང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཁོང་ལ་གྲོགས་དང་འཕྲིན་ལས་བསྒྲུབས་པར་གྲགས། ཐེངས་ཤིག་ཁོང་གིས་བླ་མ་དེ་ཉིད་ལ་སྐབས་དེའི་ཆབ་སྲིད་ཀྱི་ཁེ་ཉེན་ཞིག་ལས་སྐྱོབ་པའི་གྲོགས་དན་བགྱིས་མྱོང་བར་བརྟེན།  རྗེས་སོར་ཁྲི་རྒྱ་ནག་པ་ཚང་ནི་མདོ་སྨད་ཡུལ་དུ་བྱོན་པའི་སྐབས་ཤིག་ལ། བླ་མ་དེ་ཉིད་ཀྱིས་སྔོན་གྱི་རང་གི་ཞལ་བཞེས་བཞིན་ལྷ་གཉན་དེ་ནི་ཁྲི་ཀ་ས་ཆའི་བསྟན་པ་བསྲུང་བའི་གཞི་བདག་ཏུ་བཀོད་པར་མ་ཟད། ད་དུང་ཡུལ་ལྷའི་བསང་ཚིག་ཅིག་ཀྱང་གསུང་བ་ནི།

  ཀྱེ། ཁྲི་ཀའི་ཡུལ་གནས་ལྷ་གཉན་ཐུ་བོ་ཆེ། །

  རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད། །

  མ་ལུས་འཁོར་དང་བཅས་པ་འདིར་བྱོན་ཏེ། །

  བསང་གསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས། ། ཞེས་པ་འདི་ཡིན་ལ། ཁྲི་ཀའི་ཡུལ་ལྷ་གཉན་པོར་མཆོད་བཀུར་བྱེད་མཁན་རྣམས་ཀྱིས། དེང་སང་ད་དུང་སྔར་བཞིན་བསང་ཚིག་འདི་ཉིད་ཀྱིས་ཁྲི་ཀའི་ཡུལ་ལྷ་གཉན་པོར་འདོད་གསོལ་ཞུ་བཞིན་དུ་ཡོད་དོ།།

  དཔྱད་གཞིའི་ཡིག་ཆ།

<