བོད་ཀྱི་གཏམ་དཔེ་ལ་བསླབ་འདོམས་ནུས་པ་ཆེ་ཚུལ་བརྗོད་པ།

2016-09-28

  བོད་ཀྱི་དམངས་ཁྲོད་དུ་གཏམ་བཤད་པ་ལ་མཁས་པའི་འཇིག་རྟེན་རྒན་པོ་མང་པོས་མི་མང་ཚོགས་པའི་དབུས་སུ་ཚིག་གི་བརྗོད་པ་ཆུ་བཞུར་བཞུར་བྱས་ཏེ་བཤད་སྐབས།ཡིད་དབང་འཕྲོག་པའི་གཏམ་དཔེ་ཡང་གང་ལ་གང་འཕྲོད་དུ་བསྲེས་ནས་བཤད་པ་དེ་ལ་གོ་སྐོན་བློ་འགུགས་དང་བསླབ་འདོམས་ཀྱི་ནུས་པ་ཆེ་བ་ཀུན་ལ་མཐུན་སྣང་དུ་གྲུབ།གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལས་སྣང་ཚུལ་མང་པོ་ཞིག་ལ་བརྟགས་པ་ལས་ཐོན་པའི་ངལ་རྩོལ་དང་ཀུན་སྤྱོད།འཚོ་བ་དང་ལས་འབྲས་སོགས་ཀྱི་ཉམས་མྱོང་ཚད་མཐོན་པོའི་སྒོ་ནས་ཕྱོགས་སྡོམ་བྱས་པའི་ཤེས་བྱ་དང་སྐད་ཆའི་སྒྱུ་རྩལ་ཞིག་ཀྱང་ཡིན།དེ་ལ་དམངས་ཁྲོད་ངག་རྩོམ་ལས་བརྗོད་བྱ་དང་རྗོད་ཚིག་གང་གི་ཆ་ནས་ཀྱང་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་ལ།དེ་ནི་གཞུང་གཞན་ལྟར་ཆེད་དུ་དུས་ཚོད་བཀོལ་ཏེ་སློབ་སྦྱོང་བྱེད་མི་དགོས་པར་ཡི་གེ་འབྲུ་འདེད་ཙམ་མི་ཤེས་པའི་རྒད་པོ་ཚོས་ཀྱང“གཏམ་ཡག་དགོས་ན་དཔེ་ཤོད།མོ་ཡག་དགོས་ན་རྒྱན་ཐོགས”ཞེས་པའི་དཔེ་ལྟར་མང་ཚོགས་ཀྱི་ངག་ཏུ་རྒྱུན་འབྱམས་ལ་སོང་ཡོད་ཅིང་།ཕྱི་གླིང་གི་མཁས་པ་འགའ་རེས་རྒྱུ་མཚན་འདི་འདྲ་ལ་གཞིགས་ནས“གཏམ་དཔེ་ནི་ཁྲོམ་སྲང་གི་ཤེས་བྱ་ཡིན”ཞེས་ཀྱང་གསུངས་ཡོད།

  ཕྱི་རབས་པ་གསོ་སྐྱོང་གི་བྱེད་ནུས་རིན་ཐང་།

  བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་བའི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་པའི་རྨང་གཞིའི་སྟེང་དམངས་ཁྲོད་རྩོམ་རིག་ཅེས་པ་ཐོན་པ་ཡིན་པས་གཏམ་དཔེ་ནི་ཉམས་མྱོང་གི་སྡོམ་ཚིག་རེད་ཅེས་བཤད་ཆོག ངལ་རྩོལ་མི་དམངས་ཀྱིས་གཏམ་དཔེ་གསར་གཏོད་བྱེད་པའི་དམིགས་ཡུལ་ཡང་མཐར་གཏུགས་ནས་སོང་ན།རྒྱ་ཆེ་བའི་མང་ཚོགས་ཀྱིས་རང་དང་ཕྱི་རབས་པར་སློབ་གསོ་ཐོབ་ཆེད་རེད།དེའི་ཕྱིར་གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་གི་ཉམས་མྱོང་གཅིག་ཏུ་འདུས་པའི་བསླབ་དེབ་ཅིག་ཡིན་ཏེ།དཔེར་ན།“ཁ་ངན་པ་རྒོད་ལ་ཤོར་ན།ལུས་ངན་པ་ཁྲིམས་ལ་སྦྱོར”ཞེས་པ་ལྟ་བུ།ཇོ་བོ་རྗེས་གསུངས་པ་བཞིན“ཁ་ནི་ཉེས་པ་ཀུན་གྱི་སྒོ་མོ་སྟེ།དེ་ལ་སྒོ་ཟྭ་བརྒྱབ་ན་ཅི་མ་རུང”ཞེས་པས་ཁ་ནས་དོན་ཡོད་མིད་ཀྱི་གཏམ་དང་མནོ་བསམ་སྔོན་དུ་མ་སོང་བའི་སྐད་ཆ་བཤད་མི་ཉན་ལ་མཇུག་འབྲས་ངན་པ་རང་གིས་དངོས་སུ་མྱོང་དགོས་ཚུལ་བསྟན་ཡོད།“ཁྱིམ་གཅིག་ན་བུ་སྤུན་མང་བ་དེ།དགྲ་ནག་པོ་འདུལ་བའི་ཐོ་བ་ཡིན།ཁྱིམ་གཅིག་ན་དབང་ཆེན་མང་བ་དེ།ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན།།”ཞེས་པའི་གཏམ་དཔེ་འདི་ལས་སྤྱིར་ཁྱིམ་གཅིག་ན་བུ་སྤུན་མང་བ་དེ་ཕྱིའི་དགྲ་བོ་འདུལ་བའི་ཐོ་བ་ལྟ་བུ་ཞིག་ཡིན་པས་ལེགས་པོ་ཞིག་ཡིན་པར་བསྟན་པ་དང་།འོན་ཀྱང་ཁྱིམ་ཚང་གཅིག་གི་ནང་དུ་མི་ཁ་ཆེན་དབང་ཆེན་མང་ན་ཁ་མི་འཆམ་པར་བཟའ་ཚང་འཐོར་བའི་རྒྱུ་རུ་འགྱུར་སྲིད་པས་དབང་མགོ་མང་པོ་ཡོད་མི་ཉན་པ་བསྟན་ཡོད།“ང་རྒྱལ་གྱི་སྒང་བུ་ལ།ཡོན་ཏན་གྱི་ཆུ་མི་ཆགས།”གཏམ་དཔེ་འདིའི་ནང་དུ་ཤེས་བྱ་རིག་གནས་སྦྱོང་མཁན་ལ་སློབ་གསོ་བཏང་ཡོད་དེ་རིག་གནས་ཡང་དག་ཅིག་ཤེས་དགོས་ན་ཐོག་མར་ང་རྒྱལ་འདོར་དགོས་ཚུལ་བསྟན་ཡོད།“ཆུ་བརྒྱ་རྒྱ་མཚོར་འདུས་ན་ཉི་མས་མི་སྐམ།བུ་བརྒྱའི་བློ་ཁ་མཐུན་ན་ཕྱི་དགྲས་མི་ཚུགས”ཞེས་པ་ལས་བྱ་བ་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་མཐུན་སྒྲིལ་མིད་ན་མི་འགྲུབ་པར་ཆིག་དྲིལ་གྱི་བསམ་བློ་ཡོད་དགོས་པར་སྐུལ་མ་བཏང་ཡོད།“མཁས་པ་ཅན་ལ་ལན་ཐེབས་ཀྱང་།ཨུ་ཚུགས་ཅན་ལ་ལན་མི་ཐེབས།”འདིའི་ནང་ལྟ་བུར་མཚོན་ན་གནས་ལུགས་མི་ཤེས་མཁན་ལ་གོ་བརྡ་འཁྲོལ་དཀའ་བ་བཤད་ཡོད།དེ་མིན་གཞན་ཡང་།“ལྗོན་ཤིང་གསོ་བར་ལོ་བཅུ་དང་།མི་བཟང་གསོ་བར་ལོ་བརྒྱ”ལྟ་བུ་མི་སྐྱོང་བ་དེ་ལས་སླ་མོ་ཞིག་མིན་ཚུལ་བསྟན་ཡོད།དེ་ལྟར་བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་གྲངས་མང་ལ་བརྗོད་བྱ་ཟབ་པས་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་སྤྱད་ན་འཛད་མཐའ་མིད་པའི་ནོར་བུ་ཞིག་ཡིན་ཞེས་བརྗོད་པ་རེད།ཡང་དཔེར་ན།“བརྩོན་འགྲུས་དྲག་པོ་མ་བསྐྱེད་ན།ཡོན་ཏན་ལེགས་པོ་ག་ནས་འབྱུང་།”“བསླབས་པའི་དཔེ་ཆ་བློ་ལ་ཟུངས།བསྟན་པའི་བློ་རིག་དོན་ལ་བཀོལ”སོགས་ཧ་ཅང་མང་པོ་ཡོད།ཕ་མས་བུ་ཕྲུག་ལ་ཁ་ཏ་སློབ་གསོ་གཏོང་དུས།དཔེར་ན།“བློ་གྲོས་ཕ་དང་མ་ལ་དྲིས།འདུན་མ་ཉེས་ཀྱང་འགྱོད་རྒྱུ་མིད།”“ཁ་མིག་ཡར་ལྟ་གྱིས།སྐུད་པ་ཡར་འཁེལ་གྱིས”སོགས་ལས་མི་རྣམས་ལ་བླང་དོར་གྱི་གནས་མ་ནོར་བར་བསྟན་ཏེ་ཡ་རབས་ཚུལ་ལྡན་གྱི་འཚོ་སྟངས་ཤེས་སུ་བཅུག་ཡོད།

  མི་ཆོས་བསམ་བློའི་བྱེད་ནུས་རིན་ཐང་།

  བོད་ཀྱི་གཏམ་དཔེའི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱ་དོན་གྱི་ཆ་ནས་བོད་རིགས་རོང་འབྲོག་ས་ཆའི་ངལ་རྩོལ་མི་དམངས་ཀྱིས་ལོ་མང་པོའི་འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་ཕྱོགས་སྡོམ་བྱས་པའི་མི་ཆོས་སྐོར་གྱི་ཉམས་མྱོང་བསླབ་བྱ་ཡིན་ལ།དེ་དག་ནི་རྗེས་རབས་པར་སློབ་གསོ་ཐེབས་ནུས་པའི་རྨད་དུ་བྱུང་བའི་ངག་ཐོག་རྩོམ་རིག་ཅིག་རེད།དཔེར་ན།“ཕོ་ཆེ་བའི་མི་ལ་བརྒྱག་རྒྱུ་མིད།སེམས་ཆུང་བའི་མི་ལ་སྐྱིད་རྒྱུ་མིད།”“སྡེ་དོན་བཤད་ན་ཁོག་པ་ཡངས་དགོས།རྒོད་པོ་ཁྲིད་ན་མཐུར་མདའ་རིང་དགོས།”ཞེས་པ་དང་།“སྤོ་ཐུང་ཐུང་གིས་མི་རྫོད།ལ་ཐུང་ཐུང་གིས་རྟ་རྫོད”ཅེས་པ་ལྟ་བུ་ལས་མི་དང་མིའི་བར་བྱ་བ་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་ཁོག་ཡངས་བསམ་ཤེས་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་བསྟན་པ་དང་ལྷག་པར་མི་མང་པོའི་མགོ་བའམ་སྣེ་ཁྲིད་མཁན་ཞིག་ལ་མཚོན་ན།ངེས་པར་བློ་ཁོག་ཡངས་པོ་ཞིག་ཡོད་དགོས་པ་བསྟན།“མ་ཤེས་པ་ལ་སློབ་དགོས།མ་རིག་པ་ལ་སྟོན་དགོས།”“ཆུང་དུས་སློབ་གཉེར་མ་བྱས་ན།ཆེ་དུས་ངུས་དང་མ་ངུས་མིད།”“བརྩོན་འགྲུས་དྲག་པོ་མ་བསྐྱེད་ན།ཡོན་ཏན་ལེགས་པོ་གང་ནས་འབྱུང”ཞེས་སློབ་གཉེར་གལ་ཆེན་པོ་ཡིན་ཚུལ་དང་།“གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ།གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འགོས།”“ཆོས་པར་འགྲོགས་ན་ཆོས་བྱེད།རྐུན་མར་འགྲོགས་ན་རྐུ་བྱེད།”“ངན་པར་འགྲོགས་ན་ལྟས་ངན་གྱི་རྟགས་སྟོན།བཟང་པོར་འགྲོགས་ན་དོན་ཆེན་གྱི་མཐའ་ཪྙེད།”“མི་ངན་ལ་མ་བལྟ།གཏམ་ངན་ལ་མ་ཉན”ཞེས་པ་ལྟ་བུའི་གྲོགས་བཟང་པོར་འགྲོགས་ཤེས་ན་འདི་ཕྱི་གཉིས་ཀྱི་གཏན་བདེ་ཡིན་པར་བསྟན་པ་དང་།“རང་འདོད་ཧམ་པ་གཡོ་སྒྱུ་གསུམ།འཕྲལ་ལམ་སོང་ཡང་ཕུགས་མི་དག”ལྟ་བུར་མཚོན་ན་རང་ཁོ་ན་བསམས་ནས་གཞན་ལ་མནོ་བསམ་མིད་པའི་ཧམ་པ་ཅན་དང་དུས་རྒྱུན་དུ་རྫུན་སོགས་གཡོ་སྒྱུ་ཁོ་ནས་མི་མགོ་སྐོར་མཁན་དག་ནི་གནས་སྐབས་སུ་གཞན་གྱིས་མ་ཤེས་ཀྱང་དུས་ནམ་ཞིག་གི་ཚེ་ན་མཐའ་རྔ་ལྷང་ལ་བུད་དེ་མངོན་པར་གསལ་ཡོང་བས་དེའི་ཕྱོགས་ལ་གཟབ་ནན་དགོས་ཚུལ་བསྟན་ཡོད།“མི་གང་ཡིན་གྱི་གཏམ་ལ་མ་ཉན།རྟ་གང་མཐོང་གི་འཕོངས་ལ་མ་ཞོན”ཞེས་མ་ཤེས་མིངས་ཚོད་ཀྱི་སྒོ་ནས་རང་ལ་ཆ་རྒྱུས་མིད་པའི་མི་གང་ཡིན་གྱི་སྐད་ཆར་ཉན་མི་རུང་བ་དང་།གལ་ཏེ་མཉན་ན་མཇུག་འབྲས་རང་གཞན་གཉིས་ཀ་འཕུང་བར་འགྱུར་འགྲོ་བ་བསྟན་ཡོད།

  ལས་རིགས་ཉམས་མྱོང་ཐོབ་པའི་བྱེད་ནུས་རིན་ཐང་།

  ཚོང་ལས་ཐད་ནས།དཔལ་འབྱོར་གཉེར་སྟངས་སྐོར་གྱི་ཉམས་མྱོང་གང་ཡོད་ཕྱི་རབས་གཞོན་སྐྱེས་རྣམས་ལ་སློབ་པའམ་ཤེས་སུ་འཇུག་ཆེད་དེའི་སྐོར་གྱི་གཏམ་དཔེ་ནི་དཔེར་ན།“ཚོང་འགྲིག་སར་རྒྱགགྲོས་འགྲིག་སར་གཅོད།”ཅེས་པ་ལྟ་བུ་སྟེ།ཚོང་ལས་དཔལ་འབྱོར་གཉེར་ན་ཚོང་རའི་གནས་ཚུལ་རྒྱུས་ལོན་གསལ་པོ་བྱས་ནས་གཉེར་དགོས་པ་ལས་རང་འདོད་ལྟར་འོལ་ཚོད་ཀྱིས་གཉེར་ན་འགྱོད་པ་རྟས་མི་ཟིན་པའི་གྱོང་ཆེན་པོ་རེག་སྲིད་པ་བསྟན་འདུག་ཅིང་།“ཚོང་ཁེ་ཕ་མགོ་ཡིན་རུང་རྒྱོབས།རང་སྐལ་རུས་པ་ཡིན་རུང་ཐོགས”ཞེས་པས་མི་གཞན་ཕར་ཞོག་རང་གི་ཕ་ཡིན་ཡང་ཁེ་སྤོགས་ལེན་ཐུབ་ན་ལེན་དགོས་ཞེས་ཚོང་རྒྱག་ས་ན་ཁ་ངོ་མིད་པ་དང་གལ་ཏེ་གྱོང་ཁུར་ཡང་འཁང་ར་བྱེད་རྒྱུ་མིད་པའི་སྐོར་བསྟན་པ་ལྟ་བུ་མང་ངོ་།།

  ཞིང་ལས་ཐད་ནས།དཔེར་ན།“ཆུ་མིད་ན་ལྗང་པ་གསོན་མི་ཐུབ།ལུད་མིད་ན་ལྗང་པ་འཕེལ་མི་ཐུབ”ཅེས་དང་།“སྟོན་འབྲུ་རི་ལྟར་སྤུངས་འདོད་ན།དགུན་ལུད་རི་ལྟར་གསོག་དགོས”ཞེས་དང་།ཡང“ཞིང་འདེབས་ན་གཤོལ་དགོས།ནས་འཕྱར་ན་ཁེམ་དགོས”ལྟ་བུ་ཞིང་ལས་ཡོ་བྱད་དང་།ཞིང་པའི་འཚོ་རྟེན་གཙོ་བོ་ཡིན་པར་བསྟན་པ་ནི་དཔེར་ན།“མི་ཁ་གསོ་བར་འབྲུ་དགོས།ཕྱུགས་ཟོག་འཚོ་བར་རྩྭ་དགོས”ཞེས་དང་།སོ་ནམ་གྱི་དུས“དྲོད་གཤེར་འཛོམས་དུས་ས་བོན་ཐོབ།”“དཔྱིད་ཀྱི་ལུད་ལ་དྲི་ངན་མིད།སྟོན་ཁའི་ནས་ལ་དྲི་བཟང་མིད”སོགས་ལྟ་བུའོ།།

  ཕྱུགས་ལས་ཐད་ནས།ཕྱུགས་ལས་སྐོར་གྱི་ཉམས་མྱོང་ལས་ཐོན་པའི་གཏམ་དཔེ་བགྲང་ལས་འདས་པ་ལས་དཔེ་མཚོན་ཙམ་བཀོད་ན།“ཕྱུགས་མང་ན་འབྱོར་བའི་རྒྱུ།མི་མང་ན་སྟོབས་ཀྱི་རྒྱུ”ཞེས་དང་།“ནོར་ལུག་བཟང་དང་མི་བཟང་།བདག་པོའི་སྔ་ལངས་ཕྱི་ཉལ།”“དཔྱིད་ལུག་ནད་པ་རེད།ལུག་རྫི་སྨན་པ་རེད།”དེ་མིན“ལུག་ཁྲིད་ན་མི་འགྲོ།ཁྱི་དེད་ན་མི་འགྲོ།”“མི་ནས་ཀྱིས་གསོ།ཕྱུགས་སྲན་གྱིས་གསོ།”སོགས་ཕྱུགས་ལས་དང་འབྲེལ་བའི་གཏམ་དཔེ་མང་ངོ་།།

<