བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོ་དེ་དུས་རབས་ཉི་ཤུ་རྩ་གཅིག་པར་ཁ་ཕྱོགས་ཐབས་སྐོར་གླེང་བ།

2016-09-28

  འཆར་ལ་ཉེ་བའི་དུས་རབས་ཉི་ཤུ་རྩ་གཅིག་པར་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོའི་སྒྱུར་བཅོས་ཇི་ལྟར་བྱེད་དགོས་མིན་དེ་ནི་བོད་ཀྱི་རིག་གནས་དང་ལྷག་དོན་དུ་ཆེད་ལས་དེའི་ཐད་ཀྱི་སློབ་གསོའི་ལས་དོན་པ་རྣམས་ཀྱི་ངོས་ནས་བཤད་ན་གནད་དོན་གལ་ཆེན་ཞིག་ཡིན་ལ་དེར་ལན་འདེབས་བྱེད་རྒྱུ་ནི་གཡོལ་ཐབས་དང་བྲལ་བའི་དྲི་གཞི་ཞིག་ཀྱང་ཡིན། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཇི་ལྟར་བྱས་ཏེ་རྒྱུད་འཛིན་དར་སྤེལ་གཏོང་རྒྱུ་དང་དེས་དུས་རབས་གསར་པའི་དགོས་མཁོར་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུའི་སྐོར་སོགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པར་བརྟེན་མ་འོངས་པའི་འགྲོ་ལམ་ཡང་དག་པར་གཏོད་ཆེད་རང་རེས་ལོ་རྒྱུས་འཕེལ་མཚམས་འདིར་དྲི་གཞི་དེའི་ཐད་ལ་རང་སྣང་གི་འདོད་ཚུལ་དང་ཕྱོགས་ལྷུང་གི་བསམ་པ་སྤངས་ཏེ་ཕྱི་རོལ་གྱི་དོན་དངོས་དང་འཚམ་ཞིང་ཚན་རིག་དང་མཐུན་པའི་ལན་འདེབས་ཤིག་གང་ཐུབ་ནས་དགོས་རྒྱུ་ནི་ང་ཚོ་འཐབ་ཕྱོགས་དེའི་ཐད་ཀྱི་སློབ་གསོའི་མི་སྣ་རྣམས་ཀྱི་འོས་འགན་ཞིག་ཡིན་པས་ན་དེའི་ཐད་ཁོ་བོ་རང་གི་ལྟ་བ་དང་། ཉམས་མྱོང་། དེ་བཞིན་སླད་ཀྱི་བྱེད་ཕྱོགས་སོགས་ཁག་ཅིག་འདིར་ལྷུག་པོར་གླེང་རྒྱུ་ཡིན།

  དང་པོ།   བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གསོར་ད་བར་ཐོབ་པའི་འབྲས་བུ།

  དེ་ཡང་བོད་ལྗོངས་སློབ་གྲྭ་ཆེན་མོར་མཚོན་ན་སྤྱི་ལོ༡༩༨༠ནས་བོད་ཡིག་གི་དངོས་གཞིའི་ཆེད་ལས་ཀྱི་སློབ་མ་བསྡུ་འགོ་ཚུགས་པ༼སྤྱི་ལོ་༡༩༨༥ལོ་གོང་དུ་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོ་ཡིན༽དང་ད་བར་ལོ་རེ་བཞིན་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་མ་འཛིན་གྲྭ་གཅིག་ནས་བཞིའི་བར་ཅི་རིགས་པར་སློབ་བསྡུ་བྱས་ཡོད་ལ། སློབ་གྲྭ་ཐོན་རྗེས་ལས་གནས་ཐོག་བསྐྱོད་དེ་ཆེད་ལས་དེའི་ཐད་ཀྱི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནང་ད་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད། དེའང་ཀུན་གྱིས་ཤེས་གསལ་ལྟར་བོད་དུ་རྒྱལ་ཡོངས་ཁྱོན་དང་འདྲ་བར་རིག་གནས་གསར་བརྗེའི་གཏོར་སྐྱོན་ཕོག་པ་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྡུང་རྡེག་ཕོག་པར་བརྟེན་དེའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་པའི་ཐོག་མའི་དུས་སྐབས་སུ་བོད་ཀྱི་ཤེས་རིག་གི་ཤེས་ཡོན་ཅན་ཉུང་ངུར་གྱུར་པ་དང་། མི་རབས་གསར་པ་རྣམས་ནས་དེའི་ཐད་ཤུལ་འཛིན་བྱེད་མི་མེད་ལ།   ཐ་ན་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་དགེ་རྒན་ཡང་ཤིན་ཏུ་དཀོན་པའི་དུས་ལ་བབས་པའི་སྐབས་སུ་ཀྲུང་དབྱང་གི་ཡང་དག་སྲིད་ཇུས་འོག་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོར་ཡང་བོད་སྐད་ཡིག་ཆེད་ལས་འཛུགས་གཉེར་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཤེས་ལྡན་པ་གྲགས་ཅན་ལྷག་འཕྲོ་རྣམས་ལ་སློབ་ཁྲིད་ལས་འགན་བཀོད་སྒྲིག་བྱས། སྐབས་དེར་བོད་དུ་ཤེས་ཡོན་ལ་མཐོང་ཆེན་དང་ལྷག་པར་དུ་བོད་ཀྱི་ཤེས་རིག་དང་སྐད་ཡིག་སོགས་ལ་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་མཐོང་ཆེན་བྱེད་པའི་ཚ་རླབས་ཤིག་རྒྱས་ནས་ན་གཞོན་རྣམས་ཀྱིས་འབད་བརྩོན་ཆེན་པོས་དེར་སྦྱོང་བཞིན་པ་དང་སློབ་གྲྭ་ཆེན་མོར་ཞུགས་ནས་ཆེད་མངགས་ཆེད་ལས་དེར་ཐོས་བསམ་བྱེད་རྒྱུའི་སྐལ་བ་ལྡན་པའི་སློབ་མ་ཚོས་དེ་བས་རེ་བ་དང་ལྡན་པའི་ངང་ནས་སློབ་སྦྱོང་བྱེད་བཞིན་པ་དང་། སྤྱི་ལོ་༡༩༨༥ལོར་དེ་སྔོན་གྱི་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་རྨང་གཞིའི་ཐོག་བོད་ལྗོངས་སློབ་གྲྭ་ཆེན་མོ་འདི་བཞིན་གསར་དུ་དབུ་བརྙེས་པ་དང་ཆབས་ཅིག་སློབ་གྲྭ་འདིར་བོད་སྐད་ཡིག་གི་ཚན་ཁག་ཀྱང་དངོས་སུ་བཙུགས་པ་ནས་བཟུང་རང་རེའི་ཚན་པའི་དབུ་ཁྲིད་དང་དགེ་སློབ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཏེ་བོད་ཀྱི་ཤེས་རིག་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུའི་ཐད་ད་བར་འབྲས་བུ་གཡུར་དུ་ཟ་བ་ཐོན་ཐུབ་པ་བྱུང་ཡོད། དེ་ཡང་ད་བར་བོད་སྐད་ཡིག་ཚན་པའི་ཆེད་ལས་སློབ་ཁྲིད་ཀྱི་ནང་དོན་ལ་འགྱུར་ལྡོག་གང་ཙམ་བྱུང་ཡོད་ནའང་རྩ་བའི་ཆ་ནས་འདི་ལྟར་ཏེ་དག་ཡིག་དང་། མངོན་བརྗོད་། སུམ་རྟགས། སྙན་ངག  བོད་ཀྱི་གནའ་རྩོམ། བོད་ཀྱི་དེང་རྩོམ།བོད་ཀྱི་ལོ་རྒྱུས། ཚད་མ་རིག་པ། གྲུབ་མཐའ་སོགས་ཡིན་ལ། དེ་མིན་སྤྱི་སྤྱོད་སློབ་ཚན་ཀྱང་གང་ཙམ་བཀོད་སྒྲིག་བྱས་ཡོད་པ་དེ་དག་སློབ་སྦཡོང་མཐར་ཕྱིན་པ་བྱས་ཏེ་སློབ་གྲྭ་ཐོན་པའི་སློབ་མ་རྣམས་ལ་བེད་སྤྱོད་བྱེད་མཁན་སྡེ་ཚན་དང་སྤྱི་ཚོགས་ཡོངས་ནས་གདེང་འཇོག་གང་ལེགས་དང་བསྔགས་བརྗོད་ཀྱང་ཆེན་པོ་ཐོབ་ཡོད་པ་དང་། སློབ་མ་དེ་རྣམས་ནས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་སླད་ཤུགས་ཆེའི་ནུས་པ་བཏོན་ནས་ཕན་འབྲས་ཆེན་པོ་ཐོན་ཡོད། དེ་དག་གི་ཁྲོད་ནས་སློབ་མ་མང་ཆེ་བ་བོད་ཀྱི་སློབ་གྲྭ་འབྲིང་བ་དང་འབྲིང་རིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་ཁྲིད་བྱེད་པ་དེས་ཆེད་ལས་དེའི་ཐད་ཀྱི་དགེ་རྒན་ཤིན་ཏུ་དཀོན་པའི་རྣམ་པར་ད་ལྟ་ཡོངས་སུ་འགྱུར་ལྡོག་བྱུང་ནས་དེའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པ་བྱུང་བ་དང་། དེ་མིན་སློབ་ཐོན་སློབ་མ་མང་པོ་ཞིག་ནི་བོད་ཀྱི་ཡིག་བསྒྱུར་དང་།རྩོམ་སྒྲིག ཞིབ་འཇུག་སོགས་ཀྱི་ལས་འགན་དང་དུ་བླངས་ནས་བོད་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་སྡེ་ཁག་གི་ལས་དོན་ལ་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱུང་ཡོད།

  གཉིས་པ།    ཆེད་ལས་འདིར་ཉེ་དུས་འཕྲད་བཞིན་པའི་གནད་དོན་ཁག་ཅིག

  གོང་དུ་བརྗོད་པ་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཆེད་ལས་འདི་བཙུགས་པ་ནས་བཟུང་དེར་ཐོབ་པའི་གཙོ་ཆེའི་གྲུབ་འབྲས་རྣམས་ཡིན་ལ། དེ་དང་ཕྱོགས་མཚུངས་མིག་སྔའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་དུ་ཆེད་ལས་འདིར་རིམ་བཞིན་གནད་དོན་དང་འགལ་བ་གསར་པ་འགའ་ཞིག་ཐོན་བཞིན་ཡོད།   སྤྱིར་རྒྱལ་ཡོངས་ཁྱོན་ལ་ཁྲོམ་རྭའི་དཔལ་འབྱོར་གྱི་ལམ་ལུགས་དར་རྒྱས་ཇེ་ཆེར་འགྲོ་བའི་དེང་གི་དུས་སུ་དེའི་དགོས་མཁོ་དང་མཚམས་པའི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་ཀྱི་ཡོད་ནའང་ཤེས་ལྡན་པའི་གྲངས་འབོར་གྱི་ཐད་ནས་བྱས་ན་མང་ཆེ་བ་རང་བྱུང་ཚན་རིག་གི་ཤེས་ལྡན་པ་ཡིན་པས་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་པའི་དགོས་མཁོ་ནི་དེ་དང་བསྡུར་ན་གང་འཚམ་གྱིས་ཉུང་བ་ཡོད་པ་རེད། དེར་བརྟེན་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་ཆེད་ལས་ཀྱི་ཐད་འགྱུར་བ་ཆེན་པོ་བྱུང་ནས་རང་བྱུང་ཚན་རིག་གི་ཆེད་ལས་དེ་སྤྱི་ཚོགས་ཚན་རིག་གི་ཆེད་ལས་ལས་ཧ་ཅང་གིས་མང་བ་ཡོད་པ་དང་།   སློབ་ཕྲུག་རང་ངོས་ནས་ཀྱང་རང་བྱུང་ཚན་རིག་གི་ཆེད་ལས་ལ་རྒྱུགས་སྤྲོད་བྱེད་མཁན་ཧ་ཅང་གིས་མང་བ་ཡོད་པ་ནི་ཆེད་ལས་དེ་དག་ཤེས་ལྡན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་མང་བ་ཡོད་པ་དང་། དེ་ལ་བརྟེན་ནས་སློབ་ཕྲུག་རྣམས་སློབ་གྲྭ་ཆེན་མོ་ཐོན་རྗེས་མ་མཐར་ཡང་ལས་ཀ་འཚོལ་བདེ་བ་སོགས་ཡོད་པ་རེད། འོན་ཀྱང་ད་བར་དུ་དེ་འདྲའི་བསྡུར་ཚད་ཀྱི་ཧེ་བག་དེ་མངོན་གསལ་མེད་པར་དམིགས་བསལ་དུ་གནས་ཡོད་པ་དང་ཐ་ན་དེ་སྔོན་བོད་རང་སྐྱོང་ལྗོངས་ལ་མཚོན་ན་རང་བྱུང་ཚན་རིག་གི་ཚན་རྩལ་མི་སྣ་ལས་སྤྱི་ཚོགས་ཚན་རིག་གི་ཚན་རྩལ་མི་སྣ་མང་བ་ཡོད་པ་སྟེ།   སྤྱི་ལོ་༡༩༨༩ལོར་བསྡོམས་རྩིས་བྱས་པར་གཞིགས་ན་སྐབས་དེར་བོད་རང་སྐྱོང་ལྗོངས་ལ་ཁྱོན་བསྡོམས་ཚན་རྩལ་ནི་སྣ་གྲངས་༢༦༧༩༩ཡོད་པ་དང་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ༡.༢༩ཟིན།   དེའི་ནང་ནས་རང་བྱུང་ཚན་རིག་གི་ཚན་རྩལ་ནི་སྣ་གྲངས་༡༢༣༢༩ཡོད་ལ་སྤྱི་ཚོགས་ཚན་རིག་ཚནི་རྩལ་མི་སྣ་གྲངས་༡༤༤༧༠ཡོད་པས་ཁག་སོ་སོར་ཚན་རྩལ་མི་སྣ་ཡོངས་ཀྱི་བརྒྱ་ཆ་༤༦དང་༥༤ཟིན་གྱི་ཡོད།   གལ་ཏེ་བོད་དུ་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་བཟོ་ལས་སོགས་དར་ཁྱབ་རིམ་བཞིན་ཆེ་རུ་འགྲོ་བས་ན་རང་བྱུང་ཚན་རིག་གི་ཚན་རྩལ་མི་སྣའི་དགོས་མཁོ་དེ་སྤྱི་ཚོགས་ཚན་རིག་གི་ཚན་རྩལ་པ་ལས་མང་པ་ཡོད་དགོས་པས་ཚན་ཁག་དེ་གཉིས་ཀྱི་དགོས་མཁོའི་བསྡུར་ཚད་ལ་མིག་སྔར་འགྱུར་བ་ངེས་ཅན་འགྲོ་དང་འགྲོ་བཞིན་ཡོད་པ་མངོན་གསལ་དུ་སོང་ཡོད་པ་དེ་ནི་རྒྱལ་ཡོངས་དང་འདྲ་བའི་ཐུན་མོང་གི་རྒྱུ་རྐྱེན་གཅིག་ཡིན། ཐུན་མོང་མ་ཡིན་པའི་རྒྱུ་རྐྱེན་གཙོ་ཆེ་བ་ཞིག་ནི་བོད་སྐད་དུ་བོད་སྐད་ཡིག་ཆེད་ལས་འདིའི་སློབ་ཐོན་སློབ་མ་རྣམས་ལོ་ལྟར་སློབ་གྲྭ་ཐོན་ནས་ད་བར་ལོ་ངོ་བཅུ་ཕྲག་སོང་པས་ཆེད་ལས་འདིའི་སློབ་ཐོན་སློབ་མའི་ལས་དོན་བཀོད་སྒྲིག་བྱེད་ཡུལ་གཙོ་ཆེ་བ་སློབ་གྲྭ་འབྲིང་བ་དང་འབྲིང་རིམ་སློབ་གྲྭ་ཁག་གི་བོད་སྐད་ཡིག་གི་དགེ་རྒན་བྱེད་རྒྱུ་དེ་ཡིན་པས་དེ་སྔོན་སློབ་གྲྭ་དེ་དག་གི་བོད་ཡིག་དགེ་རྒན་ཤིན་ཏུ་དཀོན་པའི་སྣང་ཚུལ་ད་ལྟ་རྦད་དེ་འགྱུར་ལྡོག་བྱུང་ནས་འདང་ངེས་སུ་གྱུར་པ་དང་།   ད་ཡོད་ཀྱི་སློབ་གྲྭ་དེ་དག་གི་བོད་ཡིག་དགེ་རྒན་རྣམས་ཉེ་རབས་ལོ་ཤས་ནང་དུ་སློབ་གྲྭ་ཆེན་མོ་ཐོན་པའི་ན་གཞོན་ཤ་སྟག་ཡིན་པའི་ཆ་ནས་ད་ལྟའི་བོད་ཀྱི་སློབ་གསོའི་གཞི་ཁྱོན་ལ་གཞིགས་ན་སློབ་གྲྭ་དེོ་དག་གི་བོད་ཡིག་དགེ་རྒན་གསར་པ་དགོས་པ་ཉུང་བ་ལྟ་བུར་འགྱུར་བཞིན་ཡོད་པས་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ལ་ལས་དོན་བཀོད་སྒྲིག་བྱེད་ཡུལ་གཙོ་བོ་དེ་རིམ་བཞིན་ཉུང་དུ་ཕྱིན་ཡོད།   གཞན་ཡང་ད་ལྟའི་རང་ལྗོངས་ཀྱི་ཡིག་བསྒྱུར་དང་རྩོམ་སྒྲིག་སྡེ་ཁག་སོགས་སུ་ཆེད་ལས་དེའི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཟིན་པ་སོགས་ཀྱིས་སློབ་ཐོན་སློབ་མ་རྣམས་ལ་ལས་དོན་བཀོད་སྒྲིག་བྱ་ཡུལ་ཇེ་ཉུང་དུ་འགྲོ་བ་དེ་ཡིན།

<