སློབ་གསོའི་གཏམ་རྒྱུད་ཁག་བཞི

2017-02-07

  ༡ ཀ་ར་བཞི་དང་དགེ་སློབ་གཉིས། 

  ཐའོ་ཞིན་ཀྲིས་སློབ་གྲྭ་ག་གེ་མོའི་སློབ་གཙོའི་ལས་ཁུར་དུ་བླངས་ཡོད་པའི་སྐབས་ཤིག་ལ། སློབ་གྲྭའི་ར་སྐོར་དུ་བྱིས་པ་ཞིག་གིས་ལག་ཏུ་རྡོ་བཟུང་ནས་བྱིས་པ་གཞན་ཞིག་ལ་གཅར་རྡུང་ཛ་དྲག་བྱེད་གིན་པ་མཐོང་བར་སྐུ་ཞབས་ལགས་ཀྱིས་དེ་མ་ཐག་ཏུ་བར་བཀག་ནས་བྱིས་པ་དེ་རང་གི་གཞུང་ལས་ཁང་དུ་བོས། སྐུ་ཉིད་གཞུང་ལས་ཁང་དུ་ཐོན་དུས་བྱིས་པ་དེས་སྔ་མོ་ནས་གཉའ་སྒུར་སྒུར་གྱིས་སྒུག་འདུག་པར། ཁོས་རང་གི་ཁུག་མ་ལས་ཀ་ར་ཞིག་བླངས་ནས་གུས་པའི་ཉམས་ཀྱིས་ཁྱོད་ང་ལས་སྔོན་དུ་ཐོན་པས་འདི་ཁྱོད་ལ་གནང་བའི་བྱ་དགའ་ཡིན་ཞེས་བྱིས་པར་གཏད། དེ་ནས་སྐུ་ཞབས་ལགས་ཀྱིས་ངག་འཇམ་པོས་ངས་རྡུང་རེས་རྒྱག་མི་རུང་ཞེས་བར་བཀག་པར་ཁྱོད་ཀྱིས་ཀྱང་དེ་མ་ཐག་ཏུ་མཚམས་བཞག་པས་ཁྱོད་ནི་དགེ་རྒན་དང་ཕ་མའི་ཁ་ལེན་པའི་བྱིས་པ་ཡ་རབས་ཤིག་རེད་ཅེས་ཡང་བསྐྱར་ཀ་ར་ཞིག་བླངས་ནས་བྱིས་པར་བྱིན། སྐུ་ཞབས་ལགས་བྱིས་པའི་གམ་དུ་སོང་ནས་མགོ་ལ་བྱིལ་བྱིལ་གཏོང་བཞིན་ངས་རྒྱུས་ལོན་བྱས་པ་ལྟར་ན་དོན་དག་གི་འབྱུང་རྐྱེན་ནི་སློབ་གྲོགས་དེས་དོན་མེད་དུ་གཞན་ལ་ཐུབ་ཚོད་དང་བརྙས་བཅོས་བྱས་པས་རེད། ཁྱོད་ནི་བདེན་པ་སྐྱོང་བའི་བློ་སྤོབས་ཆེན་པོ་ལྡན་པའི་བྱིས་པ་སྙིང་སྟོབས་ཅན་ཞིག་རེད་ཅེས་ཡང་བསྐྱར་ཀ་ར་ཞིག་བྱིན་པར། བྱིས་པས་སྐུ་ཉིད་ཀྱི་ལག་པར་དམ་དུ་འཇུས་ནས་ངུ་ཞོར་དུ་དགེ་རྒན་ལགས། ང་ལན་འདུག ཕྱིན་ཆད་ངས་ནོར་འཁྲུལ་འདི་ལྟ་བུ་གཏན་ནས་མི་བཟོ་བའི་ཁས་བླངས་ནས་དམ་བཅས་པར། སྐུ་ཞབས་ལགས་ཀྱིས་ཁྱོད་ནི་རང་སྐྱོན་ངོས་ཟིན་པའི་བྱིས་པ་རིག་རྒོད་ཅིག་རེད་ཅེས་ཡང་བསྐྱར་ཀ་ར་ཞིག་བླངས་ཏེ་བྱིན།

  ༢ ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། 

  གཤམ་གྱི་མི་འདི་དག་ལས་ཁྱོད་ཀྱིས་སུ་ཞིག་དང་གྲོགས་བསྒྲིགས་ན་འདོད་པ་ཤོད།  

  ཀ་བ། ཁོ་གྲོགས་པོ་དང་ཆུང་མར་བློ་མི་དཀར་བར་མ་ཟད། དུ་བ་འཐེན་པ་དང་ཆང་འཐུང་རྒྱུར་ཡང་ཧ་ཅང་དགའ། རང་བཞིན་གྱིས་ཨུ་ཚུགས་ཆེ་བ།  

  ཁ་བ། སྦྱངས་འབྲས་ཞན་ལ་པྲ་ཚགས་ཆེ་བ། བྱ་བ་སྒྲུབ་པར་གཟབ་ནན་དང་ཧུར་བརྩོན་མི་བྱེད་པར་སྒྱིད་ལུག་ཆེ་བ། ཉིན་རྒྱུན་ཆང་འཐུང་ནས་འཆལ་གཏམ་བཤད་པ།  

  ག་བ། བློ་གསལ་ཞིང་རིག་པ་རྣོ་བ། ཐ་མག་དང་ཆང་ལ་ཁ་མི་རེག་ཅིང་སྡུག་རུས་ཐེག་པ། ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ངན་གཅིག་ཀྱང་བསྒྲུབ་མ་མྱོང་།

  མི་མང་ཤོས་ཤིག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མི་ག་བ་འདེམས་སྲིད། ཡིན་ཀྱང་དོན་དངོས་སུ་ཀ་བ་ཨ་རིའི་རླབས་ཆེན་གྱི་གཙོ་འཛིན་ལོའོ་སི་ཧྥུ་དང་ཁ་བ་དབྱིན་ཇིའི་རླབས་ཆེ་བའི་གཙོ་འཛིན་ཆིག་ཅེར་ལགས་རེད། ག་བ་ནི་མི་གསོད་ཀྱི་གཤེད་མ་ཤེ་ཐུ་ལི་རེད། དེ་ཡང་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཅེས་པ་བཞིན། མི་ཞིག་ཡིན་ཕྱིར་བཟང་ཆ་ཡོད་ལ་ཉེས་པའི་ཆའང་ཡོད་པ་རེད། ཡིན་ཀྱང་དེ་རང་ཉིད་སྐྱེས་བུ་དམ་པ་ཞིག་ཏུ་འགྱུར་བའི་བཀག་རྒྱ་མ་ཡིན་ནོ།། དེ་བས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་ཡིད་ཆེས་བརྟན་པོ་བཅིངས་ནས་རང་གི་བཟང་ཆ་རྒྱུན་འཛིན་དང་ཉེས་བའི་ཆ་ཡོ་བསྲང་གང་ལེགས་བྱེད་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ནོ །།

  ༣ སྤོབས་པ་ལྡན་པའི་སློབ་མ་ཆུང་ཆུང་ཞིག་གི་གཏམ་རྒྱུད། 

  ཨ་རིའི་སློབ་གྲྭ་ག་གེ་མོར་ལོ་རེ་བཞིན་དུ་ཕུལ་བྱུང་སློབ་མ་རེ་བདམས་ནས་གཟེངས་རྟགས་གནང་ཀིན་ཡོད། དེ་ནི་སློབ་གྲྭའི་ཆེས་མཐོ་བའི་བྱ་དགའ་ཡིན་ཏེ་སློབ་མའི་སྦྱངས་འབྲས་དང་ནུས་པ། ཀུན་སློང་དང་སྤྱོད་པ་སོགས་ཕྱོགས་ཡོངས་ཀྱི་སྤུས་ཚད་ངེས་ཅན་ལྡན་དགོས་པའི་རེ་བ་ནན་མོ་འཛིན་གྱིན་ཡོད་ལ་འགྲན་རྩོད་ཡང་ཧ་ཅང་ཆེ། ལྷག་པར་དུ་ད་ལོ་ནི་མ་ཡུམ་སློབ་གྲྭ་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་བཀྲ་ཤིས་རྫོགས་ལྡན་གྱི་ལོ་ཞིག་ཡིན་པས་གཟེགས་རྟགས་འདི་ལའང་དོན་སྙིང་གལ་ཆེན་ལྡན་ཞེས་སློབ་གྲྭ་ཙམ་མ་ཟད་སྤྱི་ཚོགས་ཡོངས་ནས་ཀྱང་རེ་ལྟོས་ཆེན་པོ་བཅིངས་ཡོད། ཡིན་ཀྱང་ད་ལོའི་དཔྱད་འདེམས་ལ་དཀའ་ཁག་ཆེན་པོ་ཞིག་ཡོད་པ་ནི་ཁྲོ་མ་ཟི་དང་ཅེམ་མུ་སི་གཉིས་ཀྱི་འགྲན་རྩོད་ལས་སུ་བཟང་སུ་རྒྱལ་གྱི་གསལ་ཁ་མ་ཆོད་པར་བྱ་ཐབས་ཟད་ནས་ལུས་ཡོད་ལ་འགྲན་རྩོད་ཀྱི་ཛ་དྲག་སྔར་ལས་ཆེ་རུ་ཕྱིན། ཉིན་ཞིག་དགེ་རྒན་གྱིས་ཁོ་གཉིས་ལ་གཞན་ཕན་གྱི་དོན་བཟང་ཅི་དང་གང་བསྒྲུབ་པ་བཤད་དུ་བཅུག ཁྲོ་མ་ཟི་ནི་རང་བཞིན་གྱིས་ང་རྒྱལ་ཆེ་ལ་སྤོབས་པ་ལྡན་པ་ཞིག་སྟེ། ཁོས་སྐད་གསེང་མཐོ་ལ་འབྲུ་དག་པའི་སྒོ་ནས་རེ་རེ་བཞིན་བཤད་པར་དགེ་རྒན་གྱིས་མགོ་ལྕོག་ལྡེམ་བཞིན་དུ་བ་རྐང་གཅིག་ལ་མེ་བསྒྲོན་ནས་གཟབ་ནན་སྒོས་ཉན་འདུག དགེ་རྒན་གྱིས་ལོབས་ཕྱོགས་ལྟར་དུ་སྣེ་སར་གཡུགས་ནས་མུ་མཐུད་དུ་ཉན་བཞིན་པའི་སྐབས་དེར། ཅེམ་མུ་སིས་ཚིག་མཚམས་བཅད་དེ་དགེ་རྒན་ལ་ཞུ་རྒྱུར། དགེ་རྒན་ནི་སློབ་མའི་མིག་དཔེ་གསོན་པོ་བལྟ་ས་དེ་ཡིན་པས། ཁྱེད་ཀྱིས་སློབ་གྲོགས་ཚོའི་མདུན་སར་དུ་བ་འཐེན་པ་དེ་འགྲིག་པ་མ་རེད། འདིར་བཞུགས་ཀྱི་སློབ་གྲོགས་མང་པོ་ཞིག་གིས་ཁྱེད་ཀྱི་ལད་ཟློས་བྱས་ནས་དུ་བ་འཐེན་སྲིད། དུ་བ་འཐེན་ན་རང་གི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་པར་མ་ཟད། རང་གི་ཉེ་འཁོར་གྱི་མི་ལའང་གནོད་པ་ཐེབས་སྲིད། དེ་ལས་ཀྱང་ཁྱེད་ཀྱིས་དུ་སྣེ་གང་བྱུང་དུ་གཡུགས་ཏེ་ང་ཚོའི་སློབ་སྦྱོང་གི་ཁོར་ཡུག་བཙོག་པོར་བསྒྱུར་བ་ནི་དངོས་གནས་ཚད་དྲགས་སོང་། དེས་ཁྱེད་ཀྱིས་སྙིང་ཉེ་བའི་སློབ་གྲོགས་རྣམ་པར་བརྩི་བཀུར་བྱེད་ཀྱིན་མེད་པ་ཤེས་ཐུབ། སྐུ་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཁྱེད་ཀྱིས་སློབ་གྲོགས་རྣམ་པར་དགོངས་དག་ཞུ་དགོས། ཞེས་བཤད་མ་ཐག་སློབ་ཁང་རེ་ཞིག་ལྷིང་འཇགས་སེར་གྱུར། དགེ་རྒན་གཉིད་ལས་སད་པ་བཞིན་ཡར་ཡངས་ཏེ་སློབ་གྲོགས་རྣམས་ལ་དགོངས་དག་ཞུས་པར་མ་ཟད། སློབ་གྲོགས་ཡོངས་ཀྱི་ཐེབ་མོ་རྡེབ་སྒྲའི་ཁྲོད་ནས་སློབ་གྲོགས་ཅེམ་མུ་སི་ད་ལོའི་ཕུལ་བྱུང་སློབ་མར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས།

  ༤ རང་གི་མགོན་ནི་རང་ཉིད་ཡིན། རང་གི་སྐྱབས་ནི་རང་ཉིད་ཡིན། 

  སྔོན་ཞིང་བ་རྒད་པོ་ཞིག་ལ་བོང་བུ་ཞིག་ཡོད་པར་ཁྱིམ་ལས་ཙག་ཙིག་ཡོད་ཚད་བུང་བུར་བརྟེན་དགོས། ནམ་ཞིག་ལ་བོང་བུས་མ་བཟོད་པར་ལྷའི་མདུན་དུ་སོང་ནས་སྐྱབས་འཇུག་ཞུ་ཞོར་ང་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང་། ནམ་གསལ་མ་གསལ་གྱི་དུས་ནས་མལ་ལས་ལངས་ཏེ་བདག་པོར་འཐུང་ཆུ་ཁུར་བར་འགྲོ་དགོས་ལ་དེ་ནས་ཚལ་ཞིང་དུ་ཆུ་དང་ལུད་བསྐྱེལ་དགོས། འདི་ལྟར་ཉིན་ཧྲིལ་བོར་ངལ་གསོ་བའི་དུས་ཚོད་ཅུང་ཙམ་ཡང་མི་འདུག་ཅེས་སྡུག་སྨྲེ་བཏོན་པར་ལྷ་ཆེན་པོའང་སྙིང་རྗེ་ནས་བོང་བུར་བདག་པོ་གཞན་ཞིག་བཙལ། བདག་པོ་གསར་བ་དེ་སྔོན་མ་ལས་ཀྱང་ཧམས་སེམས་དང་གདུག་རྩུབ་ཅན་ཞིག་སྟེ། བོང་བུས་དུས་རྒྱུན་ནམ་གསལ་གོང་ནས་སོལ་བ་ཐེག་ཚོད་ཅིག་དྲུད་དགོས་ལ་ས་མ་རུབ་བར་དུ་ངལ་གསོ་མི་བྱེད་པས་ཤི་གསོན་གྱི་མཐའ་ལ་ཐུག བུང་བུས་ཡང་བསྐྱར་ལྷ་མདུན་སར་སོང་ནས་སྨྲེ་ངག་བཏོན། ལྷ་ཆེན་པོས་ཡང་བསྐྱར་ཁོ་ལ་བདག་པོ་གཞན་ཞིག་བཙལ། ཡིན་ཀྱང་བོང་བུའི་ལས་དབང་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་པས་འགྱོད་གདུང་དྲག་པོ་ཡང་བསྐྱར་ལྷ་ཆེན་པོར་ཞུས། ལྷ་ཆེན་ཁྲོས་ནས་འཇིག་རྟེན་འདིར་ཁྱོད་གཅིག་པུས་དཀའ་ལས་རྒྱག་གིན་ཡོད་པ་རེད་དམ། རང་ཉིད་ཀྱི་གནས་བབས་གཞན་ལས་སྡུག་པོ་བྱུང་ཚེ་ལས་བདའ་བྱས་ནས་ངན་ཁག་གཞན་ལ་དཀྲི་བ་ནི་མི་རུང་ངོ་ཞེས་སྡིག་མོ་བཏང་ནས་ཁ་ཡ་མ་བྱས། རང་གི་མགོན་ནི་རང་ཉིད་ཡིན། རང་གི་སྐྱབས་ནི་རང་ཉིད་དོ།།

<