བོད་མི་ཡོངས་ལ་ཡར་སྐུལ་ཐེབས་པའི་གཏམ་འགའ་བཞུགས་སོ།།

2017-02-07

  འོ་ལགས་སོ། རྣམ་དཀར་ལས་ལམ་དང་བྱེད་པ། །དེ་ཡི་ཐོག་མར་རྒྱལ་བ་མཆོད། །ཅེས་གསུངས་པ་ལྟར། རྣམ་དཀར་ཆོས་ལྡན་གྱི་བྱ་བ་གང་ལ་འཇུག་པའི་ཐོག་མར་མཆོད་པར་བརྗོད་དགོས་པ་ནི། དམ་པ་གོང་མ་རྣམས་ཀྱི་མཛད་སྤྱོད་བཟང་པོ་ཡིན་ཞིང་། རང་ཉིད་ཀྱིས་ཀྱང་དམ་པ་གོང་མ་རྣམས་ཀྱི་མཛད་སྤྱོད་བཟང་པོ་སྨོན་པའི་ཡུལ་དུ་བྱས་ནས། ཐོག་མར་མཆོད་པར་བརྗོད་པ་ལ། མཁའ་མཉམ་འགྲོ་ལ་མཁྱེན་བརྩེའི་རབ་དགོངས་ནས།

  མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད།།

  དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

  གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།

  སྐལ་བཟང་གྲགས་ལྡན་ལྷ་བརྒྱའི་དཀྱིལ་འཁོར་དུ།།

  ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། ད་ནི་སྐབས་སུ་བབས་པ་ནི། སྔོ་ཞིང་དྭངས་པའི་གནམ་འོག ལྗང་ཞིང་མཉེན་པའི་ས་གཞི། འཛམ་གླིང་གོ་ལ་ཟླུམ་པོ། སངས་རྒྱས་དངོས་ཀྱི་གདུལ་ཞིང་། གདུལ་བྱ་ཐེར་འབུམ་རེ་ལྔ། ཧི་མ་ལ་ཡའི་རི་རྒྱུད། གངས་རིས་བསྐོར་བའི་ཞིང་མཆོག སྤྱན་རས་གཟིགས་ཀྱི་གདུལ་ཞིང་། མ་ཎི་ཡིག་དྲུག་འདོན་མཁན། བོད་མི་ས་ཡ་བཅུ་ཡོད། ཆོལ་ཁ་གསུམ་གྱི་ཡ་གྱལ། ཙོང་ཁའི་སྐྱེས་རིའི་རི་རྒྱུད། ཙོང་ཆུ་སྔོན་མོའི་ཉེ་འདབས། མགོ་སྔས་ཀྱིས་གཏུག་ས། ཕྱག་དད་པས་སྒུར་ས། ཚོགས་གཉིས་བསགས་ས། སྒྲིབ་གཉིས་སྦྱངས་ས། སྐྱབས་རྗེ་ཙོང་ཁ་པ་ཆེན་པའི་གདན་ས། ཆོས་ཀྱི་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཤར་ཕྱོགས། ཟི་ལིང་དཔལ་གྱི་གྲོང་ཁྱེར། བོད་མཁས་པ་མི་གསུམ་གྱི་གདན་ས། ཙོང་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་འཇིགས་མེད་བོད་སྨན་སྨན་ལས་ཚད་ལྡན་ཁེ་ལས་ཞེས་བྱ་བ་འདི་ནི་བོད་ཀྱི་རིག་གནས་བཅུ་གཉིས་ཏེ། སྔོག་འདོན། རྒྱུན་འཛིན། དར་སྤེལ། རྒྱ་བསྐྱེད། གསར་བཏོད་བྱེད་སའི་ལྟེ་གནས་ཆེན་པོ་ཞིག་ཡིན་པའི་ཆ་ནས། ངས་ཉེ་རིང་དང་ཆགས་སྡང་རྒྱབ་ཏུ་བསྐྱུར་ནས། དུང་བ་དང་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ངས་དེ་རིང་འདིར་ཕེབས་ཡོད་པའི་དགེ་སློབ་ཡོངས་ལ། ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་གླེང་མོལ་ཅུང་ཙམ་ཞུ་ན།

  དང་པོ། རང་ཉིད་མི་ཞིག་ཡིན་པར་ཤེས་དགོས་པ། 

  བསམ་བློ་བ་ཡིས་བསམ་དགོས་པ།།

  རིག་པ་སྨྲ་བས་རིག་དགོས་པ།།

  མངོན་མཁྱེན་ཅན་གྱིས་མཁྱེན་དགོས་པ།།

  ཉམས་ལེན་ཅན་གྱིས་ལེན་དགོས་པ།།

  འགྲོ་དྲུག་ནང་གི་ཁྱད་འཕགས་ཏེ།།

  མངོན་སངས་རྒྱས་པའི་རྟེན་གྱི་མཆོག།།

  དལ་བརྒྱད་འབྱོར་བཅུའི་མི་ལུས་གཞན།།

  ས་སྟེང་མ་དམིགས་རྟགས་ཀྱིས་གྲུབ། །

  ཐོག་མར་རང་ཉིད་འགྲོ་བ་རིགས་དྲུག་གི་ཡ་གྱལ་མི་ཞིག་ཡིན་པར་ངོས་འཛིན་གསལ་ཞིང་རིག་པ་ཞིག་བྱེད་དགོས། དེ་ཅི་ལྟར་བྱེད་དགོས་ཞེ་ན། མངོན་རྗེས་ཚད་མའམ་གཏན་ཚིགས་རིག་པའི་མཚན་ཉིད་ཀྱི་རྟགས་ལ་བརྟེན་ནས་དངོས་སུ་ཐག་གཅོད་བྱེད་དགོས་ཏེ། འོ་ན་མཚན་ཉིད་ཀྱི་རྟགས་གང་ཡིན་ཞེ་ན། གང་ཟག་གང་ཞིག་དལ་བརྒྱད་འབྱོར་བཅུ་ཚང་ཞིང་། སྨྲ་ཤེས་ཤིང་དོན་གོ་བའི་རྟགས་ལ་བརྟེན་ནས་རང་ཉིད་མི་ཞིག་ཡིན་པར་ཐག་གཅོད་གསལ་ཞིང་རིག་པ་ཞིག་བྱེད་ཐུབ་ངེས་རེད། རང་ཉིད་མི་རྣམ་དག་ཞིག་ཡིན་པར་ཐག་བཅད་པའི་རྟགས་ལ་བརྟེན་ན། གཞན་དུད་འགྲོ་ལ་སོགས་པའི་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་ཤིང་དོན་ཆེན་བའི་རང་བཞིན་མངོན་སུམ་དུ་ཤེས་རྟོགས་བྱུང་ཡོང་ངེས་རེད། དེ་བཞིན་དུ་མིའི་ལྟ་སྤྱོད་ཡང་དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་མངོན་སུམ་གྱིས་ཤེས་ཡོང་ངེས་རེད། དེར་བརྟེན་རང་ཉིད་མི་རྣམ་དག་ཞིག་ཡིན་པའི་ཆ་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཅི་ལྟར་བདག་པོ་རྒྱག་དགོས་པའི་རང་བཞིན་གསལ་ཞིང་རིག་པ་ཞིག་རྟོགས་ཐུབ་པ་རེད། དེ་བཞིན་དུ་མིའི་ལྟ་སྤྱོད་ཤེས་པ་་ལ་རང་ཉིད་མི་ཞིག་ཡིན་པར་ཤེས་པ་སྔོན་དུ་འགྲོ་དགོས་པའི་དབང་གིས། རང་ཉིད་མི་ཞིག་ཡིན་པར་ཤེས་དགོས་པའི་གལ་ཆེན་གྱི་རང་བཞིན་གཙོ་བོ་དེ་ལ་རག་ལས་ཡོད་པ་རེད། རང་ཉིད་མི་ཞིག་ཡིན་པར་ཤེས་པ་རྣམས་ལ་གསལ་འདེབས་དང་། མི་ཤེས་པ་རྣམས་ལ་འབོད་སྐུལ་ནན་ཏན་གྱི་ཚུལ་དུ་བཤད་པ་ཡིན།

  གཉིས་པ། རང་ཉིད་བོད་མི་རིགས་ཤིག་ཡིན་པར་ཤེས་དགོས་པ། 

  གདུང་རྒྱུད་གཅིག་པ་སྨྲ་བ་བོད་སྐད་དང་།།

  ལྟ་བ་སེམས་གཙོ་སྤྱོད་པ་བོད་སྲོལ་བཞིའི།།

  མཚན་ཉིད་མ་ལག་དངོས་སུ་ཚང་བས་ན།།

  བོད་མི་རྣམ་པར་དག་པ་ཞེས་སུ་བརྗོད།།

  རང་ཉིད་མི་ཞིག་ཡིན་པར་ཁོ་ནའི་མི་ཆོག་པར། རི་བོ་ཧི་མ་ལ་ཡའི་རི་རྒྱུད་འདུས་སྡོད་བྱེད་བཞིན་པའི་བོད་མི་ས་ཡ་བཅུའི་ཁྲོད་ཀྱི་རང་ཉིད་ཀྱང་བོད་མི་རྣམ་པར་དག་པ་ཞིག་ཡིན་པར་མངོན་སུམ་དུ་ཤེས་དགོས་ངེས་རེད། དེ་ཇི་ལྟར་ཤེས་དགོས་ངེས་ཡིན་ཞེ་ན། མཚན་ཉིད་ཀྱི་རྟགས་ལ་བརྟེན་ནས་མཚོན་བྱ་ཤེས་དགོས་པར་མ་གཏོགས་དེ་ཤེས་བྱེད་ཀྱི་ཆོས་གཞན་ཞིག་གཏན་ནས་ཡོད་མི་སྲིད་པ་རེད། དེའི་མཚན་ཉིད་གང་ཡིན་ཞེ་ན། རང་རེ་བོད་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་བོད་མིའི་མཚན་ཉིད་ཅིག་བཞག་མེད་མོད། འོན་ཀྱང་བདག་གིས་ཕྲ་འཛངས་རིག་པས་བརྡར་ཤ་བཅད་དེ། མངོན་སུམ་ཚད་མའི་རྟགས་ལ་བརྟེན་ནས་མཚན་ཉིད་ཅིག་བཞག་ན་འདི་ལྟར། ༡ གདུང་རྒྱུད་གཅིག་པ། ༢ སྨྲ་བ་བོད་སྐད། ༣ ལྟ་བ་སེམས་གཙོ། ༤ སྤྱོད་པ་བོད་སྲོལ་བཞིའི་མཚན་ཉིད་ཚང་པས་ན། ད་བཟོད་རང་ཉིད་བོད་མི་རྣམ་པར་དག་པ་ཞིག་ཡིན་པར་ཐེ་ཚོམ་མེད་པར་ཐག་བཅད་ཡོང་ངེས་རེད། རང་ཉིད་བོད་མི་རྣམ་པར་དག་པ་ཞིག་ཡིན་པའི་རྟགས་ལ་བརྟེན་ནས། བོད་མིའི་ལུས་ཀྱི་སྤྱོད་པ་གཡང་དཀར་བལ་ལས་འཇམ་ཞིང་། ངག་གི་རང་སྒྲ་ཁུ་བྱུག་སྐད་ལས་སྙན་པ། ཡིད་ཀྱི་ལྷགས་བསམ་དཀར་པོ་དུང་ལས་དཀར་བ། ལུས་ངག་ཡིད་གསུམ་དྭངས་གསལ་མེ་ལོང་བཞིན། ཤེས་རབ་རྣོ་ཞིང་སྤྱང་གྲུང་ལྡན་པ། བློ་སྟོབས་ཆེ་ཞིང་ཁོག་རྒྱ་ཡངས་པ། བྱམས་སེམས་ལྡན་ཞིང་སྙིང་རྗེ་ཡོད་པ། ལྷགས་བསམ་དཀར་ཞིང་གཞན་དོན་སྒྲུབ་པ། རྒྱུ་འབྲས་ཤེས་ཤིང་ལས་འབྲས་བརྩི་བ། བླང་དོར་ཤེས་ལ་ཉམས་ལེན་ཡོད་པ། འགྲོ་མིའི་ནང་གི་སྔོན་ཐོན་ཡ་རབས་སྤྱོད་བཟང་གི་བོད་མི་ཞིག་ཡིན་པར་ཤེས་པ་ལ། རང་ཉིད་མི་ཞིག་ཡིན་པར་ཤེས་དགོས་པའི་གལ་ཆེན་གྱི་གནས་ལུགས་དང་རང་བཞིན་མངོན་སུམ་དུ་ཤེས་དགོས་པ་དེ་ནང་དོན་གཙོ་བོ་རེད།

<