རྨེ་རུ་ཡུལ་ལྷ་ཐར་གྱིས་བོད་རྒྱ་སྐད་གཉིས་སློབ་གསོ་གླེང་བའི་སྐོར།

2017-02-07

  མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང༣༧༥ཐད་གཏོང་ཁང་གི་བཅར་འདྲི།

  ༼མདོ་འཛིན་པ༽ ཉེ་ལམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོགས་པོ་སྐོར་ཞིག་དང་མཚོ་ལྷོ་ཁུལ་གྱི་གྲོགས་པོ་སྐོར་ཞིག་གིས་ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི༣༧༥ཐད་གཏོང་ཁང་དུ་ཁ་པར་ཡོང་སྟེ། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྐད་གཉིས་སློབ་གསོའི་སྐོར་གྱི་གླེང་གཞི་ཞིག་བཀོད་སྒྲིག་བྱེད་རྒྱུ་གལ་ཆེ་ཞེས་དེ་ལྟ་བུའི་རེ་བ་བཏོན་ཐལ། དེས་ན་ ཐོག་མར་ཁྱེད་ཀྱིས་ཅི་འདྲ་ཞིག་ལ་སྐད་གཉིས་སློབ་གསོ་ཟེར་བ་དང་སྐད་གཉིས་སློབ་གསོ་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པ་དེའི་ངོས་ཐད་ནས་ཁ་བརྡ་ཞིག་བྱས་ན་ཅི་འདྲ་རེད།  

  ༼རྨེ་རུ་ཡུལ་ལྷ་ཐར༽སྤྱིར་སྐད་གཉིས་སློབ་གསོ་ཟེར་བའི་ཐ་སྙད་འདི་གླེང་དེ་ལོ་མང་པོ་ཞིག་འགོར་ཟིན། སྐད་གཉིས་སློབ་གསོའི་ལམ་ལུགས་དེ་ང་ཚོ་རྒྱལ་ཁབ་ནང་ཁུལ་གཅིག་པུ་ལས་གཞན་ན་གཏན་ནས་མེད་པ་དེ་འདྲ་ཞིག་ཀྱང་མ་རེད། འཛམ་གླིང་སྟེང་གི་མི་རིགས་མང་བའི་རྒྱལ་ཁབ་མང་ཆེ་བ་ཞིག་གིས་ལམ་ལུགས་འདི་བེད་སྤྱོད་གཏོང་བཞིན་ཡོད་གི ཡིན་ནའང་རྒྱལ་ཁབ་ལ་ཤས་ཀྱིས་མ་གཏོགས“སྐད་གཉིས”ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱེད་ཀྱིན་མེད། རང་རྒྱལ་ནང་ཁུལ་ལ་མཚོན་ན་སྐད་གཉིས་སློབ་གསོའི་ལམ་ལུགས་ཞེས་ཁ་སང་དེ་རིང་ལ་ཚང་མས་བེད་སྤྱོད་གཏོང་བཞིན་པ་འདི་རེད། ཡིན་ནའང་། འདིའི་ཕྱོགས་ནས་སྐད་གཉིས་སློབ་གསོ་ཞེས་པ་འདི་འདྲ་ཞིག་རེད་དང་། སྐད་གཉིས་སློབ་གསོའི་ལམ་ལུགས་ཞེས་པ་དེ་འདྲ་ཞིག་ཡིན་ཞེས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་བུའི་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་མེད་ལ། སྐད་གཉིས་སློབ་གསོའི་མཚན་ཉིད་འདི་འདྲ་ཞིག་ཡིན་ཞེས་གཏན་འཁེལ་བྱས་པ་ཞིག་ཀྱང་མེད། འདི་གཙོ་བོ་སློབ་གསོའི་ལས་རིགས་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་སོགས་པ་དེའི་ནང་ནས་བཤད་པ་ཞིག་རེད། དེའི་སྟབས་ཀྱིས་གོ་བ་ལེན་སྟངས་ཀྱང་གཅིག་གྱུར་ཅིག་མིན། འདི་ང་ཚོས་ཀྱང་ཤེས་གསལ་ལྟར་རེད། དེང་སྐབས་བོད་ཁམས་ན་བེད་སྤྱོད་གཏོང་བའི་སྐད་གཉིས་སློབ་གསོ་འདི་ལ་རིགས་གཉིས་སུ་བགོས་ཡོད་དེ། རིགས་དང་པོ་ཞེས་པ་ཞིག་དང་རིགས་གཉིས་པ་ཞེས་པ་ཞིག་ཡོད། རིགས་དང་པོ་ཞེས་པའི་ནང་དོན་ཅི་ཡིན་ཞེ་ན། དཔེ་ཞིག་བླངས་ན་རྒྱ་སྐད་མ་གཏོགས་གཞན་པའི་བསླབ་ཚན་དཔེར་ན་རྩིས་དངོས་རྫས་གསུམ་དང་། ས་རྒྱུས། ལོ་རྒྱུས་སོགས་བོད་ཡིག་གི་ལམ་ནས་སམ། ཡང་ན་རང་གི་མི་རིགས་ས་ཁུལ་དེའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱས་པ་དེ་ཡིན་ལ། རིགས་གཉིས་པ་ཞེས་པ་རང་གི་ས་གནས་ཀྱི་མི་རིགས་ཀྱི་སྐད་དང་ཡི་གེ་མ་གཏོགས། བསླབ་ཚན་གཞན་པ་ཚང་མ་རྒྱལ་ཁབ་ཐུན་མོང་གིས་བེད་སྤྱོད་གཏོང་བའི་སྐད་ཡིག་གམ་རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱས་པ་དེ་ལ་ཟེར། འདིའི་གོ་བ་ལེན་སྟངས་དང་ངོས་འཛིན་བྱེད་སྟངས་ཀྱི་ངོས་ནས་ལྟ་བ་མི་འདྲ་བ་གཉིས་ཆགས་ཡོད་པ་ང་ཚོས་ཤེས་ཀི། དེས་ན་ད་ལྟ་རྒྱལ་ནང་དུ་བལྟས་ན་ས་ཆ་ལ་ལ་ཞིག་གིས་རིགས་དང་པོ་འདི་བེད་སྤྱོད་གཏོང་གྱིན་ཡོད་ལ། ཡང་ས་ཆ་ལ་ལ་ཞིག་གིས་རིགས་གཉིས་པ་འདི་བེད་སྤྱོད་གཏོང་བཞིན་ཡོད། དཔེ་ཞིག་བླངས་ན། ང་ཚོ་བོད་ལ་མཚོན་ནའང་གཅིག་གྱུར་ཅིག་མ་རེད། ས་ས་སྐོར་ཅིག་ནས་རིགས་དང་པོ་རེད། སྐོར་ཅིག་ནས་རིགས་གཉིས་པ་བེད་སྤྱོད་བྱེད་ཀྱིན་ཡོད་ཀི། རིགས་དང་པོ་བེད་སྤྱོད་བྱེད་ཀྱིན་པ་ང་ཚོའི་མཚོ་སྔོན་ས་ཁུལ་གྱི་རྨ་ལྷོ་དང་མཚོ་ལྷོ་ས་ཆ་འདི་གཉིས་ཀ་ལྟ་བུ་རེད། དེ་ལས་གཞན་ཀན་སུའུ་དང་སི་ཁྲོན། བོད་ལྗོངས་སོགས་ཀྱི་ས་ཆ་ལ་ལ་ན་བེད་སྤྱོད་གཏོང་བཞིན་པའང་ཡོད་ཀི དེ་ནས་མི་རིགས་ཀྱི་ངོས་ནས་བཤད་ན། དཔེར་ན་ཁྲོའོ་ཞན་མི་རིགས་ལྟ་བུ་ལ་མཚོན་ན་ཕལ་ཆེར་སྤྱི་ཁྱབ་ཀྱིས་རིགས་དང་པོ་འདི་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ཡང་ཡུ་གུར་མི་རིགས་ལྟ་བུ་ལ་མཚོན་ན་ཕལ་ཆེར་རིགས་གཉིས་པ་འདི་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། འདི་ཚང་མ་གཙོ་བོ་ཡིན་རྒྱུ་ན་སྐད་གཉིས་སློབ་གསོ་དེ་ཅི་ལྟར་ངོས་འཛིན་བྱེད་སྟངས་དེའི་ངོས་ཐད་ནས་བཤད་པ་ཡིན། འདིའི་ངོས་ནས་ང་རང་གི་བསམ་བློ་གཏོང་སྟངས་ལྟར་བཤད་ན། སྐད་གཉིས་སློབ་གསོ་དེ་ཅི་ལྟར་གོ་བ་བླངས་ན་འགྲིག་གི་ཅེས་ན། ང་ཚོས་དེ་རིང་གནང་ཀ་སྐད་གཉིས་སློབ་གསོ་ཞེས་པའི་ཐ་སྙད་དེར་གོ་བ་ལེན་པ་དང་། མཚན་ཉིད་འཇོག་པ། བེད་སྤྱོད་བྱས་ན་བཟང་མི་བཟང་བཤད་སྐབས་སུ། གཙོ་བོ་རང་གི་མི་རིགས་ཀྱི་བརྩེ་དུང་ཞིག་དང་འདུ་ཤེས་འཛིན་སྟངས་ཤིག་གི་ངོས་ནས་སྐད་ཆ་བཤད་ཀྱིན་ཡོད་ཀི། དྲང་མོར་བཤད་ན་ང་ཚོས་སྐད་གཉིས་ཞེས་པ་དེ་ཅིའི་ཕྱིར་བེད་སྤྱོད་གཏོང་དགོས་པའི་དམིགས་ཡུལ་སོགས་ཐོག་མར་ཤེས་དགོས། དེ་མ་ཤེས་བར་རང་དགར་དེ་འདྲའི་ཐ་སྙད་ཅིག་བཞག དེ་མི་རིགས་འདྲ་མི་འདྲ་དང་ས་གནས་འདྲ་མི་འདྲར་གང་འདོད་དུ་བེད་སྤྱོད་གཏོང་རྒྱུ་དེ་འདྲའི་ལམ་ལུགས་ཤིག་མ་རེད། སྐད་གཉིས་ཞེས་པ་དེ་སྐད་རིགས་གཉིས་ལ་གོ་བ་ལེན་དགོས་པ་དེ་ཚང་མས་ཤེས་གསལ་ལྟར་རེད། ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་ལྟ་བུ་ལ་མཚོན་ན་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ལ་གོ་བ་ལེན་དགོས། རྒྱའི་ས་ཆ་དང་གྲངས་ཉུང་མི་རིགས་ཀྱི་ས་ཆ་གང་ཞིག་ཡིན་རུང་སྤྱིར་བཏང་སྐད་རིགས་གཉིས་བེད་སྤྱོད་གཏོང་དགོས་ལ། གཙོ་བོ་སྐད་ཡིག་གང་ཞིག་བེད་སྤྱོད་བཏང་ན་མི་ཚང་མས་ཤེས་བྱ་ཡོན་ཏན་དེ་སྦྱངས་ན་འགྱོགས་པ་དང་། ཡང་ན་སྦྱངས་ཟིན་པ་དེ་ཡང་དག་པ་ཞིག་ཡོང་གིན་ཡོད་མེད། སློབ་གསོའི་ཆོས་ཉིད་དང་མཐུན་མིན་སོགས་ལ་བལྟ་དགོས། དེའི་སྟབས་ཀྱིས། དཔེར་ན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་རྒྱའི་སྐད་ཡིག་གི་ཆུ་ཚད་མཐོན་པོ་མེད་པའམ། རྒྱ་སྐད་རྒྱ་ཡིག་གིས་སློབ་ཁྲིད་བྱས་ན་གོ་བ་ཆེན་པོ་ལོན་གྱིན་མེད་པ་འདི་ལྟ་བུའི་ས་ཆ་ཞིག་ནས་ངེས་པར་དུ་རིགས་གཉིས་པ་འདི་བེད་སྤྱོད་གཏོང་དགོས་ཞེ་ན་དེ་ལ་འབྲས་བུ་མངོན་གསལ་ཞིག་ཐོན་ཐུབ་ཀྱིན་མ་རེད། ཡང་དཔེར་ན། གྲངས་ཉུང་མི་རིགས་ལ་ལ་ཞིག་ལ་དེང་སྐབས་མི་རིགས་དང་རིག་གནས་ཀྱི་མིང་ཡོད་མོད། ཡིན་ཡང་སྐད་དང་ཡི་གེ་ཉམས་སོང་བའི་མི་རིགས་སྐོར་ཞིག་ཀྱང་ཡོད་ཀ འདི་ཚོའི་ས་ཆ་ནས་ཡིན་གཅིག་མིན་གཉིས་ཀྱིས་རིགས་དང་པོ་དེ་བེད་སྤྱོད་གཏོང་རྒྱུ་ཟེར་ན་དེའང་ཤིན་ཏུ་དཀའ། དེ་བས་དོན་ངོ་མར་ཅི་ཞིག་ཡིན་དགོས་ཞེ་ན། དཔེར་ན་བོད་ཀྱི་ས་ཆ་ནས་ཀྱང་སྐོར་ཅིག་གིས་ཡིན་གཅིག་མིན་གཉིས་ཀྱིས་རྒྱ་སྐད་རྒྱ་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་ཟེར་བ་དེ་ཚོས་བཤད་ཀྱིན་པ་ཅི་ཞིག་ཡིན་ཞེ་ན། དངོས་ལུགས་དང་རྫས་འགྱུར་སོགས་རྒྱ་སྐད་རྒྱ་ཡིག་གིས་སློབ་ཁྲིད་བྱས་ན་རྒྱའི་སྐད་ཡིག་གི་ཆུ་ཚད་དེ་ཇེ་མཐོར་བུད་འགྲོ་ཞེས་དེ་ལྟར་འདང་རྒྱག་གིན་ཡོད། བོད་སྐད་ཀྱིས་ཁྲིད་ན་བཟང་བར་བཤད་མཁན་དེ་དག་གིས་ཀྱང་མི་རིགས་ཀྱི་བརྩེ་དུང་གི་དབང་གིས་མི་རིགས་ཀྱི་སྐད་ཡིག་དེ་རླབས་ཆེན་ཞིག་ཡིན་ཞེས། ངེས་པར་དུ་བོད་སྐད་བོད་ཡིག་གི་ལམ་ནས་ཁྲིད་དགོས། དེ་ལྟར་བྱས་ན་བོད་སྐད་ཀྱི་ཆུ་ཚད་དང་བོད་ཡིག་གི་ཆུ་ཚད་ཇེ་མཐོར་བུད་འགྲོ་ཞེས་བཤད་ཀྱིན་ཡོད། ང་ཚོས་སློབ་གསོའི་ཆོས་ཉིད་ལ་ལྟོས་ནས་བཤད་ན། ཁྱེད་ཀྱིས་བསླབ་ཚན་གང་ཞིག་མི་རིགས་ཀྱི་སྐད་ཡིག་གམ་ཡང་ན་འཛམ་གླིང་སྟེང་གི་སྐད་ཆ་རིགས་ཤིག་བེད་སྤྱོད་བཏང་ནས་སློབ་ཁྲིད་བྱེད་དགོས་ཞེས་པ་དེ། སྐད་ཆ་དེ་བེད་སྤྱོད་བཏང་ན་བསླབ་ཚན་དེ་ཤེས་བདེ་ཀི་ཟེར་རྒྱུ་མ་གཏོགས། བསླབ་ཚན་དེ་སྐད་ཡིག་གང་ཞིག་གིས་སློབ་ཁྲིད་བྱས་ན་ད་གཟོད་སྐད་ཡིག་དེའི་ཆུ་ཚད་ཇེ་མཐོར་འགྲོ་གི་ཞེས་དེ་ལྟར་བསམ་བློ་གཏོང་མི་རུང་། སྐད་ཡིག་གི་ཆུ་ཚད་ཇེ་མཐོར་འགྲོ་བ་དེ་སྐད་ཡིག་གི་དགེ་རྒན་ཚང་མའི་འགན་འཁྲི་རེད། དཔེར་ན་རྒྱའི་སྐད་ཡིག་གི་དགེ་རྒན་གྱི་འགན་འཁུར་ནི་རྒྱ་ཡིག་གི་ཆུ་ཚད་ཇེ་མཐོར་འགྲོ་རུ་འཇུག་རྒྱུ་དེ་ཡིན་པ་དང་། བོད་སྐད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་བོད་སྐད་ཡིག་གི་དགེ་རྒན་གྱི་འགན་འཁུར་ཡིན་པ་ལས། རྩིས་དངོས་རྫས་གསུམ་གྱི་དགེ་རྒན་ཚོའི་འགན་འཁུར་མ་རེད། དེ་ངེས་པར་དུ་ཤེས་དགོས། དེ་ཤེས་སོང་ཚེ། མི་རིགས་རང་གི་ས་ཆ་ནས་སྐད་ཆ་གང་ཞིག་བཀོལ་དགོས་པ་ཤེས་པར་འགྱུར་ཏེ། དཔེར་ན་རྒྱ་སྐད་རྒྱ་ཡིག་གི་ཆུ་ཚད་མཐོན་པོ་མེད་པའི་བོད་ཀྱི་ས་ཆ་ནས་རྩིས་དངོས་རྫས་གསུམ་སོགས་བོད་སྐད་བོད་ཡིག་གི་ལམ་ནས་ཁྲིད་ན་སློབ་མ་ཚོས་ཡང་དག་པའི་སྒོ་ནས་གོ་བ་ལེན་ཐུབ་རྒྱུ་རེད། སློབ་གསོའི་ཆོས་ཉིད་ཀྱང་དེ་ལྟར་རེད། དེ་བས་སྐད་གཉིས་སློབ་གསོ་ཞེས་པ་དེ་མཐའ་གཅིག་ཏུ་འདི་འདྲ་ཞིག་རེད་ཅེས་བཤད་ཁའང་དཀའ་མོ་ཞིག་རེད།

<