ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་བཀའ་སློབ་ཞར་བཀོད།

2017-02-07

  བོད་ཡིག་གི་ཁྲིད་གཞི་གཅིག་གྱུར་དང་། བོད་སྐད་གཅིག་གྱུར་ཡོང་བར་ཞིབ་འཇུ་བྱ་དགོས།

  ༼མཚོ་སྔོན་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་༽

  བློ་མཐུན་རྣམ་པ། དེ་རིང་། ང་མཚོ་སྔོན་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭར་ཡོང་བར། སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ་ཡོངས་དང་འགོ་ཁྲིད་པའི་ལྷག་བསམ་འཁོལ་བའི་དགའ་བསུ་ཐོབ། ད་ལྟ་ཡང་ཁྱེད་ཚོའི་གཞི་རྩའི་གནས་ཚུལ་དང་སྐབས་བབས་གནད་དོན་གྱི་སྙན་ཞུར་ཉན་པས། དགའ་ཚོར་ཆེན་པོ་བྱུང་།

  སྔོན་ཆད་ང་སློབ་གྲྭ་འདིའི་མཚན་འཛིན་སློབ་གཙོ་རུ་གདན་འདྲེན་ཞུས་པར། ངས་དགའ་སྤྲོ་ཆེན་པོས་དང་དུ་བླངས། ཅིའི་ཕྱིར་ཞེ་ན། མཚོ་སྔོན་གྱི་བོད་རིགས་ས་ཁུལ་ལ་མཚོན་ན། སློབ་གྲྭ་འདི་འདྲ་ཞིག་ཉེ་བར་མཁོ། དེང་སྐབས་སློབ་གྲྭའི་ཆ་རྐྱེན་སོགས་ཕྱོགས་གང་གི་ཐད་ནས་དཀའ་ངལ་ཡོད་པས། སློབ་གྲྭ་ཆེ་བའི་གྲས་སུ་བརྩི་མི་ཐུབ་ལ། དེ་འདྲའི་མཐོ་རིམ་ཡང་མིན། འོན་ཏེ་ངས་མཐོ་རིམ་མམ་གང་ཞིག་བློར་བབས་པ་མིན་པར། ཁྱེད་ཚོར་དཀའ་ངལ་ཡོད་པ་དང་། ཆ་རྐྱེན་ཡང་ཐབས་ཆག་ཡིན་མོད། བོད་རིགས་ས་ཁུལ་དུ་ཉེ་བར་མཁོ་བ་མཐོང་བས། ད་གཟོད། ཁྱེད་ཚོའི་གདན་འདྲེན་དང་དུ་བླངས་པ་ཡིན།

  གཅིག། དེ་རིང་། ང་ཧ་ཅང་སྤྲོ་བས་ཁྱེད་ཚོར་བཤད་རྒྱུ་ནི། ད་ལོའི་ཟླ་བ་༤ ཚེས་ ༡༥ བློ་མཐུན་ཕོད་ངག་དབང་འཇིགས་མེད་དང་ངེད་གཉིས་ཀྱི་མིང་གིས་བོད་ལྗོངས་དར་རྒྱས་ཡོང་བར་རོགས་སྐྱོར་བྱེད་པའི་མ་དངུལ་ཚོགས་པ་ཞིག་རྩ་འཛུགས་བྱས། གཙོ་བོ་ནི་བོད་ཀྱི་རིག་གནས་སློབ་གསོའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་མཉམ་དུ། བོད་རིགས་ས་ཁུལ་གཞན་པར་དོན་དག་འགའ་བསྒྲུབ་རྒྱུ་དེ་ཡིན། ང་ཚོ་ཚོགས་འདུ་འཚོགས་པའི་སྐབས་སུ་མཚོ་སྔོན་གྱི་ཚོད་ལྟའི་གནད་ས་དང་པོ་ནི་ཁྱེད་ཚོའི་སློབ་གྲྭ་འདི་བྱེད་པར་ཐག་བཅད།

  ང་ཚོའི་མ་དངུལ་ཚོགས་པའི་དྲུང་ཡིག་གཞོན་པ་བློ་མཐུན་ལི་ཀྲིན་ཐེན་ཁ་སང་ཁྱེད་ཚོའི་འདིར་ཡོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། ངེད་ཅག་ཕྱིར་སོང་རྗེས་སུ། ཁྱེད་ཚོའི་དགོས་འདུན་དང་བསམ་ཚུལ་ཅུང་དམའ་བར་ཞིབ་འཇུག་བྱེད་རྒྱུ་ཡིན། འོན་ཏེ་ཅུང་མཐོ་བ་ལ། དེང་སྐབས་རྒྱལ་སྤྱིའི་སྟེང་བོད་རིགས་ས་ཁུལ་གྱི་རིག་གནས་སློབ་གསོའི་ཕྱོགས་སུ་རོགས་རམ་བྱེད་འདོད་པའི་མི་ཡོད་ཅིང་། ང་ཚོས་བོད་ལྗོངས་སུ་སློབ་གྲྭ་འགའ་བསྒྲུབ་རྒྱུ་གྲ་སྒྲིག་ཡོད་ལ། ཁྱེད་ཚོའི་འཆར་གཞི་ཚང་མ་ཡོད། གལ་ཏེ་ཁྱེད་ཚོའི་ལས་དྲང་ན། ཁྱོད་ཚོའི་སློབ་གྲྭའི་མ་དངུལ་ལའང་ཞིབ་འཇུག་ཐག་གཅོད་བྱེད་ཀྱང་སྲིད། འོན་ཀྱང་ད་ལྟ་གདེང་ཚོད་ཆེན་པོ་མེད་པས། ཁྱེད་ཚོས་ཀྱང་རེ་བ་ཆེན་པོ་མ་འཛིན།

  གཉིས། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་དོན་གྲུབ་རྒྱལ་གྱིས་ཁུལ་ཏང་ཨུ་དང་ཁུལ་མི་གམངས་སྲིད་གཞུང་གི་ཚབ་བྱས་ནས་སློབ་གྲྭ་འདི་བསྲེས་མི་ཉན་པ་དང་ཕྱིར་འཐེན་བྱེད་མི་ཉན་ཞེས་ད་ལྟ་རྣམ་འགྱུར་བསྟན་པ་ངས་ཤིན་ཏུ་སྤྲོ་བའི་ངང་ཐོས་བྱུང་། འདི་ནི་ངའི་དྲན་ཚུལ་ལ་ཧ་ཅང་མཐུན། འདི་ནི་ས་འདིའི་འགོ་འདྲེན་གྱིས་ཁྱེད་ཚོར་རྒྱབ་སྐྱོར་ཆེས་ཆེ་བ་གནང་བ་ཡིན། ཞིང་ཆེན་གྱི་མི་ལ་ལས་བཤད་རྒྱུར་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་འདི་མི་རིགས་སློབ་གྲྭ་ཆེན་མོར་བསྲེས་དགོས་ཟེར་བ་དེར་ང་དེ་འདྲ་འཐད་པ་མིན། མི་འཐད་པའི་རྒྱུ་མཚན་ནི།

  ༡ བོད་ཡིག་གཙོ་བོ་ཡིན་པའི་འདི་འདྲའི་སློབ་གྲྭ་བོད་ཁུལ་དུ་བཙུགས་ན། འདི་འདྲའི་བཟང་ཆ་འགའ་ཡོད་དེ། འདིའི་སློབ་མ་ལས་བྱེད་པའི་བུ་བུ་མོ་ནང་ནས་ཡོང་ཐུབ་པ་མ་ཟད་རོང་པ་དང་འབྲོག་པའི་བྱིས་པ་ཡང་ཡོང་ཐུབ་ཀྱི་རེད། གལ་ཏེ་འདི་འདྲའི་སློབ་གྲྭ་གྲོང་ཁྱེར་ཆེན་པོའི་ནང་བཙུགས་ན། སློབ་མ་མང་ཤོས་ཀྱི་ཡོང་ཁུངས་ལས་བྱེད་པའི་བུ་བུ་མོ་ཡིན་པ་ལས་རོང་པ་དང་འབྲོག་པའི་བྱིས་པ་སློབ་གྲྭར་འགྲོ་བའི་གོ་སྐབས་ཉུང་བ་རེད། རང་སའི་སློབ་མ་ཡོང་བ་ཉུང་བ། དོན་དངོས་སྟེང་སྐད་ཆའི་ཁོར་ཡུག་གང་གི་ཐད་ནས་གྲོང་ཁྱེར་ལ་བལྟས་ན་འདི་ལ་བཟང་ཆ་མང་།

  ༢ སློབ་མ་འདི་དག་མཐར་ཕྱིན་བྱས་རྗེས། ཁོ་ཚོའི་ཞབས་འདེགས་ཞུ་ཡུལ་མང་ཆེ་བ་བོད་ཀྱི་ས་ཁུལ་དང་བོད་ཁུལ་གྱི་རོང་འབྲོག་ས་ཆ་སོགས་ཆ་རྐྱེན་ཅུང་ཙམ་ཞན་པའི་ས་ཆ་སོགས་ཡིན། གལ་སྲིད་གྲོང་ཁྱེར་ལ་སླེབས་རྗེས། མི་མང་པོ་ཞིག་དཀའ་ཁག་ཅུང་ཙམ་ཆེ་བའི་ས་ཆར་སློབ་སྦྱོང་བྱས་ན་ཐོག་མར་ཡོན་ཚད་དམའ་བ་དང་། མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པ་འདྲ་བའི་ཡོན་ཚད་མཐོན་པོ་མེད་ངེས་ཡིན་ཞིང་། འོན་ཀྱང་ད་ལྟའི་གནད་དོན་གཙོ་བོ་ནི་ཡོན་ཚད་མཐོ་དམའ་མིན་ལ། མི་འདི་དག་དཀའ་ངལ་ཅུང་ཆེ་བའི་ས་ཆར་འགྲོ་འདོད་ཡོད་མེད་དང་། ཞབས་འདེགས་ཞུ་ཐུབ་མིན་དང་། བག་ཕེབས་ནས་རྩ་བ་ཟུགས་ཐུབ་མིན་དེ་ཡིན།

  ང་ཚོར་མཁོ་བ་ནི། ཡུན་བརྟན་ཅན་ཡིན་པ་ལས་བྱ་འཕུར་མ་མིན་དེང་སྐབས། ངེད་ཅག་མི་རིགས་གྲངས་ཉུང་གི་སློབ་གྲྭ་ཆེན་མོ་དེ་དག་གི་ནང་ན་རང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་འགྲོ་འདོད་མེད་པ། ལྷག་པར་དུ་རང་གི་ཞིང་སྡེ་དང་འབྲོག་ཁུལ་ལ་ལྷག་པར་འགྲོ་འདོད་མེད། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་གྲྭ་བ་བགའ་རེ་ཡང་ཕྱིར་ཡོང་མི་འདོད། དེ་ནི་རྒྱལ་ཡོངས་ཀྱི་རང་བཞིན་སྣང་ཚུལ་ཞིག་རེད། གནད་དོན་འདི་ང་ཚོས་ངེས་པར་ཁྱད་དུ་གསོད་དགོས།

  ཕྱོགས་གཞན་ཞིག་ནས། གྲོང་ཁྱེར་ཆེན་པོའི་ནང་སྤྱིར་ཁོར་ཡུག་བཟང་མོད། འོན་ཀྱང་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་ལ་ཕྱོགས་གཉིས་ཡོད་དེ། བཟང་ཕྱོགས་དང་ངན་ཕྱོགས་གཉིས་སོ། གྲོང་ཁྱེར་ཆེན་པོའི་ནང་ལ་ལ་ནི་འཇིག་རྟེན་ཁྲ་ཁྲ་མ་ཁྲའི་དངོས་པོ་ཡིན་པས། དེང་སང་ན་གཞོན་འགའ་རེ་ལ་བཟང་ལོབས་པ་ཤིན་ཏུ་དཀའ་ལ། ངན་ལོབས་པ་ཤིན་ཏུ་སླ། དེའི་སྟབས་ཀྱིས། འདི་འདྲའི་སློབ་གྲྭ་གྲོང་ཁྱེར་ཆེན་པོའི་ནང་བཙུགས་ན་ང་དེ་འདྲ་འཐད་པ་མིན།  

  མ་དངུལ་ཚོགས་པས་བོད་ལྗོངས་ནས་རང་གི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་ཞིག་འཛུགས་པར་གྲ་སྒྲིག་བྱེད་བཞིན་ཡོད། སློབ་ཆུང་ནས་སློབ་གྲྭ་ཆེན་མོ་བར་ཡོད་པ། ཤེས་ལྡན་མི་གང་འདྲ་མཁོ་ན་དེ་སྐྱེད་སྲིང་བྱེད་རྒྱུ། ཆེ་ཕྱོགས་ནས་ཚན་རིག་ལག་རྩལ་དང་། ཆུང་ཕྱོགས་ནས་སྒྲ་སྡུད་འཁོར་ལོ་ཞིག་གསོ་བྱེད་པ་དང་། འཚེམ་བཟོ་སློབ་པ་སོགས་ཡོད། བེད་སྤྱོད་དགོས་པ་དེ་སློབ་དགོས། གྲོང་ཁྱེར་དང་ཅུང་རིང་བའི་ས་ནས་བཙུགས་ན། མཐར་ཕྱིན་པའི་སློབ་མ་ཡང་ཅུང་ཙམ་གི་ཆོད་ཡིན། དེའི་ཕྱིར། ཁུལ་ཏང་ཨུ་ལ་འདི་འདྲའི་སེམས་ཆོད་ཡོད་པ་དེ་ངའི་འདོད་མོས་དང་གཅིག་ཡིན། ཁྱེད་ཅག་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཀྱི་མཛུབ་ཁྲིད་དང་ཁུལ་ཏང་ཨུའི་འགོ་ཁྲིད་འོག་ཤེས་ལྡན་མི་སྣ་ཚད་ལྡན་སྐྱེད་སྲིང་བྱེད་རྒྱུར་སྨོན་ལམ་འདེབས།

  གསུམ། མི་རིགས་རང་སྐྱོང་ས་ཁུལ་དུ་རང་མི་རིགས་ཀྱི་སྐད་ཡིག་ལེགས་པོ་ཞིག་སློབ་དགོས། བོད་རིགས་ས་ཁུལ་ནས་བོད་ཡིག་བསླབ་ནས་བཟང་པོར་ཤེས་དགོས། བོད་ཀྱི་ས་ཆ་ནས་བྱ་བ་བསྒྲུབ་ན་བོད་ཡིག་བོད་སྐད་མི་ཤེས་ན་བྱ་བ་སྒྲུབ་དཀའ་ཞིང་། མང་ཚོགས་དང་བསམ་པ་བརྗེ་རེས་བྱེད་ཐབས་མེད། དེའི་རྐྱེན་གྱིས་བོད་ཡིག་ལ་སློབ་སྦྱོང་བཟང་པོ་བྱེད་དགོས་པ་མ་ཟད་བོད་ཡིག་གི་བྲིས་ལེགས་པོར་ཤེས་དགོས། བོད་ལྗོངས་ནས་སྤྱིར་བཏང་དུ་དབུ་ཅན་མི་འབྲི། ས་འདི་ནས་དེར་ཡིག་དཀར་ཟེར། མང་ཆེ་བ་འཁྱུག་བྲིས་བཀོལ་བ་ཡིན། ས་འདི་ནས་དེར་ཡིག་ནག་ཟེར། དེ་འབྲི་ཤེས་རྗེས། བྲིས་ན་ཡང་མགྱོགས། ལས་དོན་སྒྲུབ་སྐབས་ཧ་ཅང་གོ་བདེ་ཡིན། འདི་བསམ་འཆར་གཅིག་ཡིན།  

  བསམ་འཆར་གཞན་ཞིག་ནི། སྐད་ཆ་ཡང་ཚད་དང་ལྡན་པ་ཞིག་ཡིན་དགོས། ང་ཚོས་མྱུར་བར་ཚོགས་འདུ་ཞིག་བསྡུས་ནས། ས་གནས་སོ་སོའི་བོད་རིགས་མཁས་པ་གདན་དྲངས་ནས། བོད་ཡིགགི་ཁྲིད་གཞི་གཅིག་གྱུར་དང་བོད་སྐད་གཅིག་གྱུར་ཡོང་བར་ཞིབ་འཇུག་བྱེད་རྒྱུ། སྔོན་ཆད་ཀྱི་བོད་ཡིག་བོད་སྐད་གཅིག་གྱུར་ཡིན། ད་ལྟ་གཅིག་གྱུར་མིན་པ་དང་ས་ཆ་རེ་ལ་སྐད་རིགས་རེ་ཡོད་པས་ཕན་ཚུན་བར་གྱི་སྐད་ཆ་མི་གོ

  དེའི་ཕྱིར། ཐབས་བརྒྱ་ཇུས་སྟོང་གིས་ཡི་གེ་གཅིག་གྱུར་བྱེད་པ་དང་ས་གནས་སོ་སོའི་སྐད་ཆ་ཕལ་ཆེ་བ་འདྲ་བ་དང་། ཕན་ཚུན་བར་གྱི་སྐད་ཆ་གོ་ཐུབ་པར་བྱས་ན་བསམ་པ་བརྗེ་རེས་བྱེད་སླ། ཁྱེད་ཅག་གིས་བོད་ལྗོངས་ནས་དགེ་རྒན་འགའ་གདན་འདྲེན་རྒྱུ་ངས་གྲོས་གཞི་བཏོན་པ་ཡིན། ཁོ་ཚོས་ཡི་གེ་བྲིས་པ་ཅུང་ཙམ་ཡག འདི་དག་ནི་བསམ་འཆར་བྱེ་བྲག་པ་ཡིན།  

  རྗེས་སུ་གནད་དོན་ཅི་ཞིག་བྱུང་རུང་། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ལྟ་རྟོག་བྱེད་རྒྱུ་ངའི་རེ་བ་ཡིན། གཞན་ཡང་ངས་ཁྱེད་ཅག་ལ་སྒོར་ཁྲི་གསུམ་འབུལ། དེས་ཁྱེད་ཅག་གི་དཔེ་མཛོད་ཁང་ནང་ལ་དཔེ་ཆ་ཉོ་རོགས་གནང་། ཏང་གི་མི་རིགས་སློབ་གསོའི་བྱེད་ཕྱོགས་ཀྱི་གཟི་འོད་འཕྲོས་འོག་ཁྱེད་ཅག་གི་སློབ་གྲྭ་འདི་གཅིག་ནས་གནས་ཐུབ་པ་དང་། གཉིས་ནས་རྒྱས་ཐུབ་པ། མདུན་ལམ་ནི་འོད་ཟེར་ལམ་མེ་བ་ཡིན་པ་ང་ལ་ཡིད་ཆེས་ཡོད།

<