ཨ་མྱེས་སྲིན་པོ།

2018-12-11

 

   ཨ་མྱེས་སྲིན་པོ་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ20ལྷག་གི་མཚམས་ཏེ། ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉིས་ཀྱི་ས་མཚམས་སུ་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་ལྟ་བུའི་རྫ་རི་ལྷོ་ནས་བྱང་དུ་མཆེད་ཅིང་། རྫ་རྒྱུད་ཀྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ30ཡོད།

  ཨ་མྱེས་སྲིན་པོ་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ20ལྷག་གི་མཚམས་ཏེ། ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉིས་ཀྱི་ས་མཚམས་སུ་གཡུ་འབྲུག་སྔོན་མོ་ས་ལ་བབས་པ་ལྟ་བུའི་རྫ་རི་ལྷོ་ནས་བྱང་དུ་མཆེད་ཅིང་། རྫ་རྒྱུད་ཀྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ30ཡོད། རྫ་རྒྱུད་འདི་ནི་རི་ཟུར་གོང་ཁ་དང་། སྲིན་པོ་དབུ་རྩེ། གོ་དོར་ལ། ཉིན་ལུང་ལྕོག་འདུས། བྲ་མ་ལ། བྲ་མ་རི་རྒན་ལ་སོགས་པའི་རི་རྩེ་དང་རི་ལག་མང་བོས་གྲུབ་ཡོད་པ་ལས། རྫ་འདིའི་ཆེས་མཐོ་ས་ནི་སྲིན་པོ་དབུ་རྩེ་ཡིན་ཞིང་། དེ་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱིས་ཆོད་པའི་རི་ཚོགས་ཀྱི་དབུས་སུ་ཀྲོང་ངེར་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°90′དང་། ཤར་གྱི་གཞུང་ཚད101°51′གི་མཚམས་ན་ཡོད་ཅིང་།  མཐོ་ཚད་ལ་མཚོ་ངོས་ལས་སྨི4614ཡོད། གནས་འདིར་རི་དྭགས་ཀྱི་རིགས་ལ་ཤྭ་བ་དང་།  ཁ་ཤྭ  གནའ་བ།  གླ་བ།  གསའ།  གཡི་དཀར།  སྤྱང་ཀི  ཝ།  རི་བོང་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག  བྱ་ཁྲ།  རྫ་ཁའི་གོའུ་ཡག་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ།  སྟག་པ།  དབྱར་བ།  སྐྱེར་བ།  གླང་མ།  བྲ་མ་དང་སིལ་སྡོང་སྣ་ཚོགས་ཡོད་ཅིང་།  བྱ་རྒོད་སུག་པ་དང་།  ལྕུང་རྩྭ་སོགས་སྔོ་སྨན་དང་ཐང་སྨན་གྱི་རིགས་ཀྱང་མང་པོ་ཡོད།

  དེ་ཡང་ཁྲི་ཀའི་ཡུལ་འདིའི་དམངས་ཁྲོད་ཀྱི་ངག་རྒྱུན་དུ། སེར་གྱིལ་ལེ་ཉི་མ་ཤར་འདྲ་བོ། །གན་སྐྱེས་ལྷ་ཨ་མྱེས་སྲིན་པོ་རེད། །ཅེས་གྲགས་པ་ལྟར། བརྗིད་ཆགས་ལ་མཛེས་ཉམས་ལྡན་པའི་སྲིན་པོ་རྫ་འདིར་ཨ་མྱེས་རྨ་རྒྱལ་གྱི་སྲས་དགུ་བ་སྟེ། སྲིན་པོ་དཔལ་ལྡན་དོན་འགྲུབ་ཏུ་གྲགས་པའི་ལྷ་གཉན་གྲགས་ཅན་དེ་ཉིད་ཡིན་པས་ན་མིང་ཡང་དེ་སྐད་དུ་ཐོགས་པར་བཤད་པ་དང་། འདི་ནི་འཕྲང་དམར་དང་ཁམས་ར་ཀླེ་ལྔ་ལ་སོགས་པའི་སྐྱེས་ལྷ་ཡིན་ལ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཞབས་ཐག་གིས་ཟིན་ཡོད་ཅིང་རྟ་ནག་ཅན་ལ་སོགས་པའི་འཁོར་ཁྲི་འབུམ་མང་བོས་བསྐོར་འདུག་པ་ཞིག་ཀྱང་ཡིན་ནོ། །

  ཡུལ་འདིའི་རྒན་རབས་པའི་ཞལ་སྒྲོས་སུ། སྲིན་པོ་རྫ་འདབས་ཀྱི་ཚོ་སྡེ་ཁག་གིས་བསང་རྩི་བའི་སྐབས་སུ། རྒྱུན་པར་མདོ་སྨད་ཡུལ་འདིའི་གཞི་བདག་གཉན་པོ་ཨ་མྱེས་རྨ་ཆེན། །གཏེར་བདག་གཉན་པོ་ཨ་མྱེས་བྲག་དཀར། །གནས་བདག་གཉན་པོ་ཨ་མྱེས་སྲིན་པོ། །ཞེས་ལྷ་གཉན་འདི་གསུམ་དམིགས་སུ་བཀར་ནས་མཆོད་པ་ཞིག་ཡིན་ཞིང་། ཁོང་གི་ཆིབས་པ་ནི་ལྷ་རྟ་ངང་བའི་སྤུ་ཁ་ཅན་ཞིག་ཡིན་ལ། ཆིབས་སྒ་རྒྱུན་པར་མནབ་བཟས་བཀབ་ནས་ཡོད་པ་ཞིག་ཡིན་པས་གཞི་བདག་ཧ་ཅང་ཕྱོར་བོ་ཞིག་ཡིན་པར་གསུངས།

<