ལྷ་གཉན་དམག་དཔོན་ཆེན་པོ་བྲག་ནག

2018-12-11

 

   གནས་རི་འདི་ནི་སྔོན་ཆད་རྫ་རྒན་མགོན་པོ་བྲག་ནག་ཟེར་བ་དེ་ཡིན། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ20ཙམ་གྱིས་ཆོད་པའི་སྒོ་མེ་ཆོས་རྗེ་མའི་ཁོངས་གཏོགས་ཁྱུང་སེང་སྡེ་བའི་ས་ཐོག་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3819ཡོད།

   གནས་རི་འདི་ནི་སྔོན་ཆད་རྫ་རྒན་མགོན་པོ་བྲག་ནག་ཟེར་བ་དེ་ཡིན། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ20ཙམ་གྱིས་ཆོད་པའི་སྒོ་མེ་ཆོས་རྗེ་མའི་ཁོངས་གཏོགས་ཁྱུང་སེང་སྡེ་བའི་ས་ཐོག་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3819ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°53′གྱི་མཚམས་དང་། ཤར་གྱི་གཞུང་ཚད99°59′ཡི་མཚམས་ན་ཡོད། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན།

  རི་དྭགས་དང་གཅན་གཟན་གྱི་རིགས་ལ། གླ་བ། གནའ་བ། ཁ་ཤྭ། རྒོ་དམར། སྤྱང་ཀི། ཝ། གཡི་དཀར། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག གོ་བོ། ནེ་ལེ། རྫ་ཁའི་གོའུ་ཡག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཤིང་ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། གངས་ལྷ་མེ་ཏོག་སོགས་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

  ངག་རྒྱུན་ལྟར་ན། ལོ་ངོ་བརྒྱ་ལྷག་གི་སྔོན་ལ། ཁམས་རྫོགས་ཆེན་དགོན་པའི་གྲུབ་དབང་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞུ་བ་དེ་ཉིད་སྒོ་མེ་གོང་སྟོད་ཀྱི་ཕྱོགས་འདིར་བྱོན་ནས་འགྲོ་དོན་མཛད། སྒོ་མེ་ཆོས་རྗེ་སྐེ་རུ་བཞུགས་པའི་སྐབས་ཤིག ཁོང་གིས་སྔ་ཕྱིར་མགོན་པོ་བྲག་ནག་ལབ་ཙེ་དང་། བཀྲ་ཤིས་འོད་དཀར་ལབ་ཙེ། སེང་གེ་རབ་བརྟན་ལབ་ཙེ་སྟེ། ལབ་ཙེ་འདི་གསུམ་བསྟད་སྐད། ཁོང་གིས་མགོན་པོ་བྲག་ནག་དང་འདིའི་གནས་བདག་གཉིས་བསྟན་འགྲོའི་དོན་ལ་ཕན་པར་གཟིགས་ནས། བྲག་ནག་གི་རྩེ་རུ་དཔལ་མཁར་བཞེངས། རྫ་རྒན་བྲག་ནག་ཅེས་པ་མགོན་པོ་བྲག་ནག་ཏུ་བསྒྱུར་ཅིང་འདིའི་གནས་བདག་ལ་ལྷ་གཉན་དམག་དཔོན་ཆེན་པོ་བྲག་ནག་ཅེས་པའི་མཚན་གསོལ། སྒོ་མེ་གོང་སྟོད་ཤོག་ཀ་གསུམ་གྱི་སྲུང་མ་གཙོ་བོ་མགོན་པོ་ཚོགས་བདག་ཡིན་པས། ལོ་རེར་མགོན་པོ་ཚོགས་བདག་གི་སྒྲུབ་མཆོད་བཙུགས་ཏེ། ལོ་རེའི་བོད་ཟླ་ལྔ་བའི་ཚེས་བཅུའི་ཉིན་བྲག་ནག་ལབ་ཙེ་བསྟོད་པའི་དཔེ་སྲོལ་དེ་ད་ལྟའི་བར་དུ་རྒྱུན་སྐྱོང་བཞིན་ཡོད་པའོ། །

<