སྒོ་དམར་དགོན་པ།

2019-01-30

 

   དེ་ཡང་རྒྱ་ལམ་མན་ཆད་དུ་ཡོད་པའི་སྒར་རྙིང་དེ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོས་ད་ལྟའི་དགོན་གནས་འདིར་སྤོས་ནས། དགོན་མིང་ལ་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ཞེས་མཚན་གསོལ་ཏེ་ཕྱག་འདེབས་གནང་།  གྲུབ་མཐའ་དགེ་ལུགས་པར་བསྒྱུར།

  ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན། གཡེར་གཤོང་མཁན་པོ་སྐུ་ཕྲེང་རིམ་བྱོན། རོང་རྒན་སྐུ་ཕྲེང་རིམ་བྱོན། སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོ། ཁྱད་པར་དུ་སྒོ་དམར་གྲུབ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ལས་དགོན་པ་འདིར་རྟེན་གསུམ་གྱི་སྐོར་མང་བོ་ལེགས་གྲུབ་བྱུང་བ་མ་ཟད། མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་བྱོན།

  སྤྱི་ལོ1958ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་བྱམས་ཁང་། བཙན་ཁང་ཆེ་ཆུང་གསུམ། པར་ཁང་ཆེན་མོ། ནང་ཆེན(སྒོ་དམར་གྲུབ་ཆེན་ཚང་། གཡེར་གཤོང་ཆོས་པ་རིན་པོ་ཆེ། གཡེར་གཤོང་མཁན་པོ། རོང་བོ་ཁྲི་རྒན)བཞི། གྲྭ་ཤག་བརྒྱ་དང་ལྔ་བཅུ་ཡོད། དེའི་ཁྲོད་དུ་བྱམས་ཁང་ཆུང་བ་བཞི་བཅུ་ཙམ་ཡོད། རྒྱུན་བཞུགས་ཀྱི་བླ་མ་སྒོ་དམར་གྲུབ་ཆེན་ཚང་དང་། དགེ་འདུན་པ་སུམ་བརྒྱ་ལྔ་བཅུར་ཉེ་བ་བཞུགས་པ་མ་ཟད། གཞི་གསུམ་ཕྱག་ལེན་དང་ལམ་སྔགས་གཉིས་ལ་འཆད་ཉན་བྱེད་པའི་ཕྱག་སྲོལ་བཟང་པོ་ཚུགས་ཡོད།

  སྤྱི་ལོ1958ལོའི་ཟིང་འཁྲུག་དང་རིག་གསར་སྐབས་སུ། རྟེན་གསུམ་གྱི་སྐོར་དང་མགོན་ཁང་། ནང་ཆེན། གྲྭ་ཤག་སོགས་མེད་བརླགས་སུ་བཏང་ཡང་། འདུ་ཁང་ཆེན་མོ་དང་བྱམས་ཁང་། བཙན་ཁང་། སྒོ་དམར་གྲུབ་ཆེན་གྱི་ནང་ཆེན། གཡེར་གཤོང་ཆོས་པ་རིན་པོ་ཆེའི་ནང་ཆེན་རྣམས་སྒོ་དམར་སྡེ་བའི་རུ་ཁག་སོ་སོའི་འབྲུ་མཛོད་ཁང་དུ་བསྒྱུར་བས་ཁང་རོ་ཙམ་ལུས། དགོན་ཤུལ་གཞན་རྣམས་སྡེ་གཞུང་གི་སིལ་སྡོང་འདེབས་འཛུགས་བྱེད་སའི་གནས་སུ་བསྒྱུར།

  སྤྱི་ལོ1980ལོའི་བོད་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་སྒོ་དམར་སྒར་གྲོང་ཐུན་མོང་གི་རེ་ཞུས་ལྟར། པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་ཕེབས་ནས་དད་ལྡན་གྱི་སེར་སྐྱ་མང་ཚོགས་རྣམས་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ། མདོ་གདུགས་སྒྲོལ་གསུམ། ཤམ་བྷ་ལའི་སྨོན་ལམ། མ་ཎི་ཡིག་དྲུག  རིགས་གསུམ་མགོན་པོའི་གཟུངས། ཚེ་ལྷ་རྣམ་གསུམ་གྱི་གཟུངས་སོགས་ཀྱི་ལྗགས་ལུང་དང་ཕྱག་དབང་བསྩལ། དེའི་མཚུངས་སུ་འདུ་ཁང་དང་བྱམས་ཁང་གཉིས་ལ་བཀྲ་ཤིས་པའི་ཚིགས་བཅད་མང་དུ་གསུངས་ཤིང་མེ་ཏོག་གི་བྱིན་ཆར་ཕབ་སྟེ། “དེ་རིང་ནས་བཟུང་སྟེ་བདག་གིས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཆོས་ཀྱི་སྒོ་མོ་གཏན་པ་མེད་པར་ཕྱེ་བ་ཡིན”ཞེས་ཞལ་གསུང་མི་འགྱུར་རྡོ་རྗེའི་བཀའ་ལུང་ལེགས་པར་བསྩལ། དེ་ནས་བཟུང་སྒོ་དམར་སྒར་གྲོང་གཉིས་ཀྱིས་སྟོབས་ཤུགས་ཡོད་དགུ་བཏོན་ཏེ་འདུ་ཁང་ཆེན་མོ་ཞིག་གསོ་དང་སྔོན་གྱི་རྟེན་རྙིང་རྣམས་བསྡུ་བ་དང་ནང་རྟེན་མང་ཆེ་བ་བསྐྱར་བཞེངས་མཛད།

  ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་བྱམས་ཁང་། བཙན་ཁང་ཆེ་ཆུང་གཉིས། ས་འཛིན་ལྷ་ཁང་། དུས་འཁོར་བློས་བསླངས་ཁང་། པར་ཁང་། དཔལ་ལྡན་འབྲས་སྤུངས་མཆོད་རྟེན། སྒོ་དམར་ཚང་དང་གཡེར་གཤོང་ཚང་གི་ནང་ཆེན་གཉིས། གྲྭ་ཤག་བརྒྱད་ཅུ། རྒྱུན་བཞུགས་ཀྱི་བླ་མ་སྒོ་དམར་ཚང་དང་དགེ་འདུན་པ་བརྒྱ་དང་ལྔ་བཞུགས།

  འདིར་བཞུགས་པའི་དགེ་འདུན་པ་མང་ཆེ་བས། ལམ་སྔགས་སོགས་ལ་ཐོས་བསམ་གྱི་ལམ་ནས་འཆད་ཉན་བྱེད་པའི་ཞོར་དུ། ཡིག་གཟུགས་དང་ཤོག་ལས། བྲིས་ཐང་། འབག་བཟོ། པར་བརྐོ། གོས་དྲུབས། མུ་ཏིག་བཟོ་ལས། མར་བཟོ། ཚོན་བྲིས་སོགས་ལ་སྦྱོང་བའི་གོམས་སྲོལ་ཆགས་ཡོད་པས། ལྷ་རིས་ལག་རྩལ་པ་མིང་གྲགས་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད། དགོན་བདག་གི་བླ་མ་ལ་སྒོ་དམར་ཚང་གཡེར་གཤོང་ཚང་། རོང་བོ་ཚང་། གཡེར་གཤོང་མཁན་པོ་ཚང་བཅས་ཡོད་པ་དང་། སྒོ་དམར་ཚང་ནི་དགོན་བདག་གཅོ་བོ་ཡིན། དགོན་པ་ཕྱག་འདེབས་གནང་མཁན་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་ཡིན།

  དཔལ་ལྡན་དུས་ཀྱི་འཁོར་ལོའི་མཆོད་རྟེན་ནི། སྤྱི་ལོ1987ལོར་གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་འཇམ་དབྱངས་དགེ་འདུན་རྒྱ་མཚོས་ཐུགས་བཀོད་གནང་བ་ལྟར་བཞེངས་པ་དེའི་མཐོ་ཚད་ལ་སྤྱི་ཁྲེ་བཞི་བཅུ་ལྷག་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་བཞི་བརྒྱ་དང་ཞེ་གཅིག་ཡོད་པས། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་དང་མཚུངས་པར་མཐོ་ཞིང་བརྗིད་ཉམས་ལྡན་ཏེ་ཨ་མདོ་ས་ཁུལ་དུ་ཆེས་ཆེ་བའི་མཆོད་རྟེན་ཞིག་ཡིན།

  ལྷ་སྡེ་ལ་སྒོ་དམར་དང་བྲག་དཀར། འགྲོན་ལུང་བཅས་ཡོད། དགོན་པ་འདི་ནི་རྫོང་རིམ་པའི་རིག་རྫས་སྲུང་སྐྱོབ་ཀྱི་སྡེ་ཁག་ཡིན།

 

 

 

<