བྲག་དཀར་སྤྲེལ་རྫོང་།

2019-01-30

 

  བྲག་དཀར་སྤྲེལ་རྫོང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་མངའ་ཁོངས་ཀྱི་ནང་བའི་གནས་ཆེན་ཞིག་སྟེ། བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད། གནས་རྫོང་འདི་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ངམ་གངས་རིའི་ཕྲེང་བས་མཛེས་པའི་བསིལ་ལྗོངས་ཏེ། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ། ཡུལ་མདོ་སྨད་ཀྱི་སའི་ཆར་གཏོགས་ཨ་ཆུང་གནམ་རྫོང་དང་། ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་། ཤ་བ་རི་རྫོང་། བྲག་དཀར་སྤྲེལ་རྫོང་ཞེས་མདོ་སྨད་རྫོང་ཆེན་བཞིར་གྲགས་པའི་རྫོང་ཕྱི་མ་སྟེ། ངག་རྒྱུན་ལ། རྫོང་འདི་ནི་གནས་ཆེན་ཙ་རི་ཏྲ་ནས་མཆེད་པར་གྲགས་ཤིང་། གནམ་ལོ་ཤིང་སྤྲེལ་ལོའི་ཙ་རིའི་གནས་འདུས་ཀྱི་ལོ་ལ་འདིར་ཕྱག་བསྐོར་བྱས་ན། ཙ་རིའི་རོང་བསྐོར་དང་བྱིན་རླབས་མཉམ་པར་གསུངས་ཡོད་པའི་རྒྱུ་མཚན་གྱིས། གནས་འདི་ལ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་ངམ་གནས་ཆེན་ཙ་རི་ཏྲ་གཉིས་པ་ཞེས་ཡང་ཡང་བསྔགས་ལ། འདིའི་ཡོན་ཏན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྟེ། འདི་ནི་རང་བྱུང་ངོ་མཚར་ལྷུན་གྱིས་གྲུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་ས་ཞིག་ཡིན་པས་ན། འདི་ཉིད་མདོ་དབུས་ཁམས་གསུམ་དུ་གྲགས་ཆེ་བའི་གནས་མཆོག་ཅིག་ཡིན། 

བྲག་དཀར་སྤྲེལ་རྫོང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་མངའ་ཁོངས་ཀྱི་ནང་བའི་གནས་ཆེན་ཞིག་སྟེ། བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན། རི་དྭགས་དང་གཅན་གཟན་གྱི་རིགས་ལ། གནའ་བ། རྒོ་དམར། གླ་བ། སྤྱང་ཀི། ཝ། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག གོ་བོ། ནེ་ལེ། ཁྲ། ཕོ་རོག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། ཤིང་ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ལྕུམ་རྩ། ཐང་ཕྲོམ། སྤང་རྒྱན་མེ་ཏོག་སོགས་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

 
 

  གནས་རྫོང་འདི་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ངམ་གངས་རིའི་ཕྲེང་བས་མཛེས་པའི་བསིལ་ལྗོངས་ཏེ། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ།  ཡུལ་མདོ་སྨད་ཀྱི་སའི་ཆར་གཏོགས་ཨ་ཆུང་གནམ་རྫོང་དང་། ཕུ་ལ་ཡང་རྫོང་ངམ་པདྨོ་ཆོས་རྫོང་། ཤ་བ་རི་རྫོང་། བྲག་དཀར་སྤྲེལ་རྫོང་ཞེས་མདོ་སྨད་རྫོང་ཆེན་བཞིར་གྲགས་པའི་རྫོང་ཕྱི་མ་སྟེ། ངག་རྒྱུན་ལ། རྫོང་འདི་ནི་གནས་ཆེན་ཙ་རི་ཏྲ་ནས་མཆེད་པར་གྲགས་ཤིང་། གནམ་ལོ་ཤིང་སྤྲེལ་ལོའི་ཙ་རིའི་གནས་འདུས་ཀྱི་ལོ་ལ་འདིར་ཕྱག་བསྐོར་བྱས་ན། ཙ་རིའི་རོང་བསྐོར་དང་བྱིན་རླབས་མཉམ་པར་གསུངས་ཡོད་པའི་རྒྱུ་མཚན་གྱིས། གནས་འདི་ལ་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་ངམ་གནས་ཆེན་ཙ་རི་ཏྲ་གཉིས་པ་ཞེས་ཡང་ཡང་བསྔགས་ལ། འདིའི་ཡོན་ཏན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྟེ། འདི་ནི་རང་བྱུང་ངོ་མཚར་ལྷུན་གྱིས་གྲུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་ས་ཞིག་ཡིན་པས་ན། འདི་ཉིད་མདོ་དབུས་ཁམས་གསུམ་དུ་གྲགས་ཆེ་བའི་གནས་མཆོག་ཅིག་ཡིན། འདིར་འབྲི་གུང་བ་ཆོས་ཀྱི་གྲགས་པ་སོགས་སྐྱེས་ཆེན་དམ་པ་དུ་མས་མཛད་པའི་གནས་ཡིག་ཏུ་བཀོད་པའི་བྲག་དཀར་སྤྲེལ་རྫོང་གི་གནས་ཚུལ་ཁག་ཅིག་ངོ་སྤྲོད་རགས་ཙམ་ཞུ་བ་ལ་ཐོག་མར་འདི་ལྟར་གྲགས་ཏེ།

  སྔོན་དུས་སློབ་དཔོན་པདྨས་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འཁོར་གཡེར་མོ་ཐང་དུ་དམ་སྲི་སྤུན་དགུ་དམ་ལ་འདོགས་སྐབས། སྲིན་པོ་ཁྲག་རལ་ཅན་སོགས་འདྲེ་སྲིན་བདུན་སྤྲེལ་རྫོང་དུ་བྲོས་ནས་བྲག་ཞབས་སུ་ཡིབས་སྡོད་བྱེད་ཚེ། སློབ་དཔོན་ཆེན་པོ་དེ་དག་འདུལ་བར་བྲག་དཀར་སྤྲེལ་རྫོང་དུ་ཕེབས་ནས་དབང་དྲག་འབར་བའི་ཏིང་ངེ་འཛིན་ལ་བཞུགས་པའི་དུས་ན། འདྲེ་སྲིན་ཚོས་ཕ་བོང་ཞིག་གིས་ཕུག་སྒོ་བཅད་པར་སློབ་དཔོན་གྱིས་རྡོ་རྗེ་གསོར་བས་ཕུག་ལམ་བརྟོལ་ནས་མཁའ་ལ་བྱོན་ཞིང་། ཁོང་གིས་རྡོ་རྗེ་དྲག་ཆར་ཕབ་ནས་འདྲེ་སྲིན་དེ་དག་ཚར་བཅད། འདྲེ་སྲིན་དེ་དག་གིས་མ་འོངས་པའི་དུས་སུ་བསྟན་འགྲོར་གནོད་འཚེ་གཏོང་བའི་སྨོན་ལམ་ལོག་འདེབས་བྱས་སྟབས། སློབ་དཔོན་ཆེན་པོས་གདུག་པ་ཅན་དེ་དག་འདུལ་བའི་གཉེན་པོ་རུ་བྲག་དཀར་སྤྲེལ་རྫོང་གི་རྡོ་རྗེ་གློ་དཀར་གསལ་བའི་ཕོ་བྲང་དུ་ཏིང་ངེ་འཛིན་ལ་བཞུགས་སྐབས། འདྲེ་སྲིན་མི་ལུས་སྤྲེལ་མགོ་ཅན་ཞིག་བྱུང་བར་བཀའ་བསྒོས་ཏེ་དམ་ལ་བཏགས་ཤིང་། ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་ཞེས་པའི་མཚན་གསོལ་ནས་སྤྲེལ་རྫོང་གི་གནས་བདག་དང་བསྟན་སྲུང་དུ་བཀོད་པར་བརྟེན། བྲག་དཀར་སྤྲེལ་རྫོང་ཞེས་པའི་མིང་ཡང་དེ་ལྟར་དུ་ཐོགས་སོ། །

དེ་ཡང་གནས་ཆེན་འདི་ལ་སྔ་ཕྱིར་འབྲི་གུང་བ་འཇིག་རྟེན་གསུམ་མགོན་དང་། མ་ཅིག་ལབ་ཀྱི་སྒྲོན་མ། ས་པཎ་ཀུན་དགའ་རྒྱལ་མཚན། རྗེ་ཙོང་ཁ་བ་ཆེན་པོ། ཤར་སྐལ་ལྡན་རྒྱ་མཚོ། རྗེ་གསེར་ཁང་བ། ཞབས་དཀར་ཚོགས་དྲུག་རང་གྲོལ། སྐྱབས་མགོན་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ལ། ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་དང་། བཅུ་གཅིག་ཞལ།  སློབ་དཔོན་པདྨ་འབྱུང་གནས། ཁྲོ་བོ་མི་གཡོ་བ། བདུད་རྩི་འཁྱིལ་བ། ཚེ་དཔག་མེད། རྡོ་རྗེ་ཕག་མོ། རཱ་ཧུ་ལ། མར་བ་ལོ་ཙཱ་བ། ཕ་དམ་པ་སངས་རྒྱས། སྨན་བླ་བདེ་གཤེགས་བརྒྱད། བདེ་མཆོག  གསང་འདུས།  འཇིགས་བྱེད། ཀྱེ་རྡོར། བསྐལ་བཟང་སངས་རྒྱས་སྟོང་། རྒྱལ་བ་རིགས་ལྔ།  ཞི་ཁྲོ་དམ་པ་རིགས་བརྒྱ། ཁྲོ་བོ་བཅུ། དཔལ་ལྡན་ལྷ་མོ། ནོར་བདག་ཛམ་ལ། རིགས་གསུམ་མགོན་པོ། སྟོན་པ་ཤཱཀྱ་ཐུབ་པ། རྗེ་གཟིགས་པ་ལྔ་ལྡན། རིག་བྱེད་མ། འཇམ་དབྱངས་དམར་སེར། སྒྲོལ་མ་བུ་སྦྱིན། མགོན་པོ། ཆོས་རྒྱལ། རྣམ་སྲས།  གུ་རུ་མཚན་བརྒྱད། ཨ་རོལ་རྡོ་རྗེ་འཆང་ལ་སོགས་པའི་སྐུའི་རང་བྱོན་སྣང་བརྙན་མང་བོ་དང་། མ་ཎི་ཡིག་དྲུག    གུ་རུ་སིདྡྷི། རིགས་ལྔའི་ས་བོན། ཨཱ་དང་ༀ། མཚན་སྔགས། རྒྱུད་སྡེ་བཞིའི་སྙིང་བོ་སོགས་ཡིག་འབྲུ་མང་བོ། བདེ་གཤེགས་ཐུགས་སྤྲུལ་བྱ་ཁྱུང་དང་། སློབ་དཔོན་པདྨའི་ཞབས་རྗེས། དུང་དཀར་གཡས་འཁྱིལ། བཀྲ་ཤིས་རྟགས་བརྒྱད། ཤེལ་དཀར་གྱི་མཆོད་རྟེན། རྒྱུད་སྡེ་བཞིའི་དཀྱིལ་འཁོར་སོགས་མདོར་ན་དཀོན་མཆོག་གི་རྟེན་བརྟེན་པའི་སྣང་བརྙན་མང་བོར་མཇལ་ཐུབ་པ་ཡིན། དེ་མིན་འབྲི་གུང་ཆོས་ཀྱི་གྲགས་པས་གསུངས་པ་ལྟར། གནས་སྒོ་ཕྱེས་པའི་ཤིང་སྤྲེལ་གྱི་ལོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་སྐྱེ་བོ་མཐའ་དག་གིས་ཙ་རིའི་རོང་བསྐོར་བཞིན་གནས་ཆེན་འདི་ལ་ཕྱག་བསྐོར་མཆོད་མཇལ་ཞུ་བའི་དཔེ་སྲོལ་ད་ལྟའི་བར་མ་ཉམས་པར་ཡོད་དོ། །

གཞན་ཡང་། སྔར་རེབ་གོང་སྐུ་ཕྱོགས་སམ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་སྤྲེལ་རྫོང་དགོན་དུ་ཞལ་བཞུགས་དུས། ཁོང་གི་ཞལ་ནས། བདེ་མཆོག་གི་ཕྱོགས་བཞིའི་སྒོ་སྲུང་ལས། ཤར་སྒོའི་སྒོ་སྲུང་ཁ་གདོང་མ་ནག་མོའི་བཞུགས་གནས་ནི་གཉན་ཆེན་བྲག་དཀར(ཐང་ནག་ཡུལ་ཚོའི་ཁོངས་སུ་གཏོགས)གྱི་ཕྱོགས་ཡིན་ལ། ལྷོ་སྒོའི་སྒོ་སྲུང་ཕག་གདོང་མ་སེར་མོའི་བཞུགས་གནས་ནི་ཐ་སྟོང་བྲག་དཀར(ཆུ་སྔོན་གྲོང་རྡལ་གྱི་ཁོངས་སུ་གཏོགས)གྱི་ཕྱོགས་ཡིན་པ། ནུབ་སྒོའི་སྒོ་སྲུང་ཁྱི་གདོང་མ་དམར་མོའི་བཞུགས་གནས་ནི་ཁྲོ་ཐུང་འཐབ་རའི(ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་གཏོགས)ཕྱོགས་ཡིན་པ། བྱང་སྒོའི་སྒོ་སྲུང་འུག་གདོང་མ་ལྗང་གུའི་བཞུགས་གནས་ནི་གཡུ་ལུང་བྲག་དཀར་གྱི་ཕྱོགས་ཡིན་ཞེས་གསུངས་པ་ནི། བདག་གིས་ཁོང་གི་ཞལ་ནས་དངོས་སུ་ཐོས་སོ་ཞེས་ཨ་རོལ་ཚང་སྐུ་ཕྲེང་བཞི་བ་བློ་བཟང་དགེ་ལེགས་དབང་བོའི་ཡོངས་འཛིན་ཏེ། དགེ་བའི་བཤེས་གཉེན་འཇིགས་མེད་བློ་གྲོས་ལགས་ཀྱིས་གསུངས་པ་ཇི་བཞིན་དུ་བཀོད་པ་ཡིན།

  བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་གནས་སྒོ་སྲུང་བའི་གཏེར་བདག་བཞི། གནས་ཆེན་འདིའི་ཤར་ཕྱོགས་ཀྱི་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་དང་། ལྷོ་ཕྱོགས་ཀྱི་ཆུ་རགས་གཡག་སྙིང(ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་གཏོགས)། ནུབ་ཕྱོགས་ཀྱི་མཛོད་བདག་ལྷ་རི་དྲེའུ་དཀར(ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་གཏོགས)།  བྱང་ཕྱོགས་ཀྱི་ཧང་ངའི་ཨ་མྱེས་རི་རྒན(རྩི་གོར་ཐང་གྲོང་རྡལ་གྱི་ཁོངས་སུ་གཏོགས)བཅས་ནི་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་བཞིའི་གནས་སྒོ་སྲུང་བའི་གཏེར་བདག་བཞི་ཡིན།

བྲག་དཀར་སྤྲེལ་རྫོང་གི་བསྐོར་ལམ་བཞི། གནས་ཆེན་འདིའི་བསྐོར་ལམ་ལ་ཕྱི་བསྐོར་དང་། བར་བསྐོར། རྩེ་བསྐོར། གླིང་བསྐོར་བཅས་རིམ་པ་བཞི་ཡོད་ཅིང་། དེ་ལས་གཉན་ཆེན་བྲག་དཀར་དང་། ཐ་སྟོང་བྲག་དཀར། ཁྲོ་ཐུང་འཐབ་ར། གཡུ་ལུང་བྲག་དཀར་ཏེ། དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་སྲུང་བཞིའི་བཞུགས་གནས་དེ་དག་ནང་ལ་བླངས་ནས་ཕྱག་བསྐོར་བྱེད་པ་ལ་ཕྱི་བསྐོར་ཟེར་བ་དང་། བྲག་དཀར་སྤྲེལ་རྫོང་གི་གནས་རིར་ཕྱག་བསྐོར་བྱེད་པ་ལ་བར་བསྐོར་ཟེར། བྲག་དཀར་སྤྲེལ་རྫོང་གི་མཐོ་རིས་ལ་འགོ་ནས་ཐུགས་རྗེ་ཆེན་པོ་རང་བྱོན་དང་། དེ་ནས་རྣམ་འཇོམས་རང་བྱོན། དེ་ནས་མཁའ་འགྲོའི་ཚོགས་ཁང་། དེ་ནས་བཀྲ་ཤིས་ལ་འགོའི་ཉིན་ཕྱོགས་བཅས་ཀྱི་བར་དུ་ཕྱག་བསྐོར་བྱེད་པ་ལ་རྩེ་བསྐོར་ཟེར། བྲག་དཀར་སྤྲེལ་རྫོང་གི་གཡས་ཟུར་གྱི་གླང་ཆེན་སྣ་ནས་བཟུང་དུང་དཀར་ལུང་བའི་མདོ་དང་། དེ་ནས་རྒྱལ་མཚན་རིའི་མདུན་ཕྱོགས་ནས་དགོན་པའི་གླིང་མཐར་ཕྱག་བསྐོར་བྱེད་པ་ལ་གླིང་བསྐོར་ཟེར།

  དེ་ཡང་ཡུལ་འདི་གའི་ལོ་རྒྱུས་ཀྱི་ངག་རྒྱུན་ལྟར་ན། འདས་པའི་ལོ900ཡས་མས་ཀྱི་མཚམས་སུ་ཕྱོགས་འདིར་བྱོན་མྱོང་བའི་རྔ་རུང་གྲུབ་རྒན་ཞུ་བ་དེ་ཉིད་དང་ཁོང་གི་ཞལ་སློབ་བཅས་ཀྱིས།  གནས་ཆེན་འདི་རུ་དུས་ཡུན་རིང་བོར་ཐུགས་དམ་ཉམས་བཞེས་གནངས་པར་བརྟེན། གནས་འདིར་རིམ་གྱིས་སྒྲུབ་སྡེ་ལྟ་བུ་ཞིག་ཆགས་མྱོང་ལ། ཕྱིས་སུ་ཡག་མོ་ཨ་ལགས་ཟེར་བས་སྒྲུབ་གནས་དེ་ཉིད་གཞིར་བྱས་ཏེ་དེ་གར་འདུ་ཁང་ཞིག་བཞེངས་ནས་གྲྭ་རྒྱུན་སྤེལ་མྱོང་། དེའི་རྗེས་ཐོག་ཏུ་ཡག་མོ་ཨ་ལགས་ཚང་གིས་གྲྭ་རྒྱུན་བཅུ་གསུམ་དང་འདུ་ཁང་བཅས་ཀྱིས་མཚོན་པའི་དགོན་འགོ་ནི་རེབ་གོང་སྐུ་ཕྱོགས་སྐུ་ཕྲེང་གསུམ་པ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་ལ་ཕུལ་བ་དང་། ཨ་རོལ་ཚང་གིས་སྐུ་གོང་མའི་ལུང་བསྟན་ལྟར་གནས་ཆེན་འདིར་མཚོ་ལྷོ་ཁུལ་ནང་ཁོངས་ཀྱི་རི་བོ་དགེ་ལྡན་པའི་དགོན་སྡེ་གྲགས་ཅན་ཏེ། སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་གནངས།

 
 
 
 
 

  བྲག་དཀར་སྤྲེལ་རྫོང་གི་འདོད་གསོལ་བདུད་རྩིའི་གྲུ་ཆར།

 ༄༅། །ༀ་སྭ་སྟི༔གནས་མཆོག་ཆེན་པོ་བྲག་དཀར་སྤྲེའུ་རྫོང༔ ཕྱི་བལྟས་ཤེལ་དཀར་རིན་ཆེན་བྲག་རི་འབར༔ སྐྱེད་མོས་ཚལ་དང་ཆུ་ཀླུང་འབེབས་པའི་གནས༔ སྟེང་ན་རྩ་བརྒྱད་བླ་མས་བྱིན་ཆེན་ཕོབ༔ བར་ན་ཡི་དམ་རྒྱུད་སྡེ་སྤྲིན་ལྟར་འཐིབས༔ འོག་ན་མཁའ་འགྲོ་ཆོས་སྐྱོང་གློག་ལྟར་འཁྱུག༔ རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ལ༔ བདག་ཅག་གདུང་ཤུགས་དྲག་པོའི་མོས་གུས་ཀྱིས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ འདི་དང་ཕྱི་མ་བར་དོ་ཀུན་ཏུ་གཟིགས༔ ངན་སོང་གསུམ་གྱིས་སྐྱེ་སྒོར་རབ་བཅད་པ༔ མངོན་སུམ་ཞལ་གཟིགས་དབང་བསྐུར་རྒྱས་བཏབ་ནས༔ གདོད་མའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས༔ མདོར་ན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ༔ ནད་མུག་འཁྲུགས་རྩོད་སད་སེར་ཐན་པ་དང་། ནག་ཕྱོགས་མི་དང་མི་མིན་འབྱུང་པོ་ཡིས༔ བར་ཆད་རྐྱེན་ངན་གློ་བུར་གདོན་བགེགས་སོགས༔ མི་ཤིས་རྒུད་པ་ཐམས་ཅད་ཞི་བར་ཤོག༔ འཇིག་རྟེན་ཁམས་སུ་ལོ་ལེགས་བདེ་སྐྱིད་ལྡན༔ སངས་རྒྱས་རྟེན་དང་བསྟན་འཛིན་བུ་སློབ་ཀྱི༔ སྲིད་དང་ཞི་བའི་འདོད་དགུ་ལེགས་འབྱོར་ནས༔ བདེ་སྐྱིད་ཉི་མའི་འོད་སྣང་འབུམ་འགྱེད་ཤོག༔ ཅེས་གནས་བཞི་གྲུབ་ཆེན་རིན་པོ་ཆེས་མཛད་པའོ། །རོང་བོ་ལྷ་རྒྱལ་དཔལ་གྱི་བརྩམས་པའི《གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོང་ཞེས་བྱ་བ》ལས་བཏུས།

  ༄༅། །དམངས་ཁྲོད་དུ། ཀྱེེ། བྲག་རང་བྱོན་ལ་ལྷ་སྐུ་རང་བྱོན། །རྡོ་རང་བྱོན་ལ་ཨ་ཡིག་རང་བྱོན། །སངས་རྒྱས་སྟོང་གི་བླ་རི། མཁའ་འགྲོ་འབུམ་གྱི་བླ་རྫོང་། །སློབ་དཔོན་པདྨའི་སྒྲུབ་རྫོང་། །མདོ་སྨད་ཡུལ་གྱི་གནས་མཆོག །ཞྭ་སེར་བསྟན་པའི་སྲོག་ཤིང་། རྒྱ་བོད་གཉིས་ཀྱི་སྐྱབས་གནས། །རོང་འབྲོག་གཉིས་ཀྱི་མཆོད་གནས། གནས་འགངས་ཆེན་བྲག་དཀར་སྤྲེལ་རྫོང་། ཞེས་མཆོད་གསོལ་བྱེད་སྲོལ་ཡོད་པའོ། །གནས་བདག་བྱང་སྐྱོང་གཉན་སྤྲེལ་ཟླ་བའི་བསང་མཆོད།

  ༄༅། །ཀྱེེ། ཤེལ་དཀར་ཟུར་ཕུད་མཛེས་པའི་རྒྱན་ལྡན་པའི། །གནས་ཆེན་བྲག་དཀར་སྤྲེལ་རྫོང་ཞེས་གྲགས་པའི། །གནས་བདག་རྒྱལ་བོའི་བསྟན་ལ་རབ་དགའ་བ། །བྱང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་པོ་དང་། །རྨ་རྒྱལ་རི་རྒན་གཉན་ཆེན་གྲང་ང་དང་། །ས་ཆེན་རྫ་རྒན་ལྟེ་དཀར་གཡའ་རི་དང་། །ཡུལ་ལྷ་བྱེའུ་གྲག་དཀར་ཕྱོགས་ལྷ་རི་དང་། །ཁྱུང་ཆེན་མ་འགྲང་རྔ་རྡུང་རི་ཕྱོར་སོགས། །ཐང་ཆེན་ཐང་ཆུང་ནགས་ཚལ་ཀློང་ཆེན་དང་། །ཕྱོགས་བཞིའི་ཉེ་འཁོར་སྲུང་བའི་གཞི་བདག་ཆེ། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །མི་དང་མི་མིན་འབྱུང་བོ་ཇི་སྙེད་པ། །རང་རང་མཐུན་པའི་བདུད་རྩི་སྨན་སྣ་དང་། །དྲི་ཞིམ་དུད་སྤྲིན་མཆོད་བསྟོད་འདི་བཞེས་ལ། །མཆོག་གསུམ་བཞུགས་པའི་གཙུག་ལག་ཁང་བཟང་དང་། །དམ་ཆོས་སྒྲུབ་ལ་བར་དུ་གཅོད་བྱེད་པའི། །ནད་རིམས་གདོན་བགེགས་དགྲ་ཇག་ཆོམ་རྐུན་དང་། །དུས་མིན་ཁ་ཆར་བུ་ཡུག་འཐིབ་པ་སོགས། །མི་འདོད་རྐྱེན་ངན་ཕྱི་ནང་བར་ཆད་ཀུན། །ཆོས་སྲིད་འཕེལ་བའི་ཕན་གྲོགས་སེམས་བཟང་མཛོད། །ཡར་ཟླའི་དཔལ་ལ་འགྲན་པའི་དུས་ལ་བབ། །རིག་འཛིན་དམ་པའི་ཐ་ཚིག་འདས་གྱུར་ན། །ཉེས་པ་འབྱུང་ཕྱིར་བག་ཡོད་བསྟེན་པར་མཛོད། །

《ཡུལ་མདོ་སྨད་ཀྱི་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་བཤད་རགས་བསྡུས་དད་ལྡན་རྣ་བའི་བདུད་རྩི་ཞེས་བྱ་བ》ལས་བཏུས།

<