མི་ཉག་མཁར་རྫོང་དང་རྗེས་ཤུལ།

2019-03-07

  

རི་མུ་ལྟག་ན་ཡོད་པའི་མཁར་རྫོང་།

  ཐང་སྟོང་རྒྱལ་པོ་དར་མདོ་ནས་མི་ཉག་ལ་ཕེབས་ཚུལ་བྲིས་པ་ནང་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས་ཞེས་པ་ལྟར་ན་སྐབས་དེ་དུས་ཤར་མི་ཉག་རིང་མོར་མཁར་རྫོང་ཧ་ཅང་མང་པོ་ཡོད་ངེས་ཀྱང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་རང་བྱུང་གི་གནོད་འཚེ་ཐེབས་པ་དང་མི་ཡིས་གཏོར་བཤིག་བཏང་བས་དེང་སང་ཝ་ཁྲལ་ཤང་གི་ཨ་ཉག་གྲོང་དང། བོན་པོ་གཤིས་ཤང་གི་ཤིང་ཟམ་ཁ། རི་ཐོག རི་མུ་ལྟག ཟམ་པ་ཁ། གུ་ལི་སྟེང་གི་ལུང་པ། ས་བདེ་གྲོང་རྡལ་གྱི་ལ་ཧ་བཅས་ན་མཁར་རྫོང་ཆ་ཚང་བའམ་ཞིག་རོ་ཉུང་ངུ་ཙམ་ལས་མཐོང་རྒྱུ་མི་འདུགཡུལ་མི་ཚོས་དེ་སྔོན་ལ་ཧ་གྲོང་པའི་ཕྱོགས་བཞིའི་མཐོ་ས་ན་མཁར་རྫོང་རེ་ཡོད་ཀྱང་དེ་རྗེས་བཤིགས་ནས་རྡོ་ཡིས་ཁང་པ་ལས་པ་རེད་ཟེར། གངས་དཀར་རི་བོ་ཤང་གི་ཁོངས་སུ་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་མཁར་རྫོང་མཐོང་རྒྱུ་ཡོད་ཟེར་བ་ཙམ་ལས་དེང་སང་ཤུལ་ཙམ་ཡང་མི་སྣང་། འབྲེལ་ཡོད་ཡིག་ཆ་ནང་ངོ་སྤྲོད་བྱས་པ་ལྟར་ན།  ཁམས་མི་ཉག་ཡུལ་ལ་ཡོད་པའི་མཁར་རྫོང་ནི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་བར་གྱི་ཡིན་ལ། དང་ཐོག་ནི་ཕྱི་རོལ་གྱི་དགྲ་བོ་འགོག་པའི་ཆེད་དུ་བཞེངས་པ་ཡིན་ཏེ། གླིང་ཆུ་ནི་གྱ་གྱུའི་འགྲོས་ཀྱིས་བཞུར་ལ་རི་བོ་མཐོན་པོས་མིག་བསྒྲིབས་ཏེ་ཐག་རིང་པོ་མཐོང་མི་ཐུབ་ཀྱང་མཁར་རྫོང་མཐོན་པོ་ཕན་ཚུན་བར་མཐོང་ཐུབ་པས་མཁར་རྫོང་གཅིག་གི་ཐོག་ལ་དུ་བ་འཕྱུར་དུས་དེའི་རྗེས་སུ་གནས་པའི་མཁར་རྫོང་ཐོག་མེ་བསྒྲོན་ཏེ་བརྡ་བསྟན་རེས་བྱས། ཆིང་རྒྱལ་རབས་ཀྱི་རྗེས་སུ་མེ་སྒྱོགས་སོགས་བེད་སྤྱོད་པའི་དབང་གིས་མཁར་རྫོང་བཞེངས་པའི་སྲོལ་ཉམས་ཏེ་ཉུང་ངུ་ཞིག་ལོ་རྒྱུས་ཀྱི་རྗེས་ཤུལ་དུ་ལྷག་པ་རེད། ཁམས་མི་ཉག་གི་མཁར་རྫོང་ནི་ས་དེ་གའི་རྡོ་དང་རྡོ་ལེབ། འདམ་པ་བཅས་ལས་བརྩིགས་ཏེ་ཕྱི་ནས་བརྗིད་ཉམས་ལྡན་པ་དང་དབྱིབས་ལ་ཟུར་བཞི་དང་ཟུར་ལྔ། ཟུར་བརྒྱད་ཅན་མང་ཞིང་རྩིག་རྨང་ལ་སྨི་གྲུ་བཞི༢༠ནས༣༠བར་དང་མཐོ་ཚད་ལ་སྨི༡༠ནས༦༠ཙམ་ཡོད། ནང་རོལ་དུ་རྩེག༤ནས༥ཡོད་ལ་རྩེག་རེ་རེའི་ནང་ལ་བོའུ་དང་མདའ་རྒྱག་སའི་ཁུང་བུ་ཡོད། མཁར་རྫོང་དང་གྲོང་སྡེ་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པས་ལྟ་བས་མི་ངོམ་པའི་ཉམས་ཤིག་འབུར་དུ་ཐོན་འདུག་པ་ནི་བོད་མི་དམངས་རྣམས་ཀྱིས་མཐོ་སྒང་གི་ཁོར་ཡུག་དང་བསྟུན་ནས་གདོད་མའི་རྒྱུ་ཆ་སྤྱད་དེ་རང་ལ་གོ་ཆོད་ཅིང་གཞན་ལ་ངོམ་ཆོག་པའི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་བསྐྲུན་པའི་རྟགས་དང་། ཡུན་རིང་པོའི་ལོ་རྒྱུས་ནང་ལ་ས་འགུལ་བཅས་ཀྱིས་མ་གནོད་པར་བརྟན་བརླིང་ངང་གནས་ཐུབ་པ་ནི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ངོ་མཚར་ཡིད་ལས་འདས་པའི་བཟོ་རྩལ་གྱི་གཟི་བརྗིད་ཅིག་ཀྱང་རེད།

  ད་ལྟར་ཤར་མི་ཉག་རིང་མོའི་ལུང་པར་སྐད་གྲགས་ཆེ་ཤོས་ནི་བོན་པོ་གཤིས་རི་མུ་ལྟག་ན་ཡོད་པའི་མཁར་རྗོང་གཉིས་གཤིབ་ཅན་དེ་རེད། མཁར་དེ་གཉིས་ཀྱི་འོག་གི་ཚངས་ཐིག་ལ་སྨི༡༡ཙམ་དང་མཐོ་ཚད་ལ་སྨི༣༠ཙམ་ཡོད། ཟུར་བརྒྱད་ཀྱི་ངོས་བཅུ་དྲུག་གི་ཞེང་ཚད་བར་ཧེ་བག་ཆེན་པོ་མེད་པ་དང་། མཁར་རྫོང་གི་རྩིག་རྨང་ནི་རྡོ་ཆེན་པོ་མང་པོས་བརྩིགས་པས་བརྟན་ཞིང་བརླིང་བ་ཞིག་རེད། ཕྱི་རྒྱལ་གྱི་ཆེད་མཁས་པ་ཞིག་གིས་ལོ་ངོ༡༢༠༠ཡས་མས་ལ་བཞེངས་པའི་མཁར་རྫོང་འདི་གཉིས་ནི་སྤྱི་ལོ༡༩༩༧ལོར་ཨ་ཀེན་ཐིན་གྱི་བཟོ་སྐྲུན་པ་ཞིག་གིས་ཇུས་འགོད་བྱས་པའི་མ་ལེ་ཞི་ཡ་ཡི་རྒྱལ་ས་ཅི་ལུང་ཕོ་ན་ཡོད་པའི་མཁར་ཟུང་དང་ཧ་ཅང་འདྲ་མོ་འདུག་ཟེར། རྒྱལ་རོང་དང་འདྲ་པ་ཕྱོགས་ཀྱི་མཁར་རྫོང་དང་ཁང་པ་ལ་རྡོ་དཀར་ཡོད་པ་ལྟར་མཁར་རྫོང་འདི་གཉིས་ཀྱི་རྩིག་ངོས་སུའང་རྡོ་དཀར་ཡོད་པས་མ་ཚད་ཐོག་ལ་ཡོད་པའི་མཁར་རྫོང་གི་རྩིག་ངོས་སུ་རྡོ་དཀར་ཆུང་ངུ་ཡིས་སྐར་མ་སྨིན་དྲུག་དང་འདྲ་བའི་རི་མོ་ཞིག་ཀྱང་བཀོད་འདུགས་དེ་གའི་མི་རྣམས་ཀྱིས་མཁར་རྫོང་གཉིས་གཤིབ་དེ་ལས་འོག་ཏུ་གནས་པ་དེར་དཔའ་མོའི་མཁར་དང་ཐོག་ལ་གནས་པ་དེར་དཔའ་བོའི་མཁར་ཞེས་ཀྱང་འབོད་སྲོལ་སྣང་། རྒན་པོ་ཞིག་གིས་མཁར་རྫོང་འདི་གཉིས་སྔོན་མར་ད་ལྟ་ལས་ཅུང་མཐོ་ལ་ཟུར་བཞི་རྩེ་མོ་ཅན་ཞིག་ཡིན་ཡང་ཆར་ཆུ་འགོག་པའི་ཆེད་དུ་ཐོག་ལ་བད་ཀ་བརྩིགས་ཏེ་ད་ལྟའི་རྣམ་པ་འདི་ཆགས་པ་རེད་ཟེར།

  མཁར་རྫོང་དེ་གཉིས་ཀྱི་ལྟག་ཕྱོགས་སུ་སྤྲུལ་པ་ལྷ་ཁང་ཞེས་ལྷ་ཁང་རྙིང་པ་ཞིག་གི་འགྲམ་ལའང་ཟུར་བརྒྱད་ཅན་གྱི་མཁར་རྫོང་ཞིག་འདུགལྷ་ཁང་སྲུང་མཁན་ཨ་ཁུ་ཚེ་རིང་དོན་གྲུབ་ཀྱིས་གནའ་སྔོན་མར་རྒྱུ་ཡོད་དབང་ཡོད་ཚོས་ལོ་ཆུང་དུས་སྟོབས་ཤུགས་ལ་བརྟེན་ནས་མི་རྣམས་ལ་ཐུབ་ཚོད་དང་ཁྱད་གསོད་བྱས་ཀྱང་ལོ་རྒས་དུས་གཞན་གྱིས་འཁོན་ལན་བསློག་པར་འཛེམས་ཏེ་མཁར་རྫོང་བརྟན་པོ་འདི་འདྲ་བའི་ནང་དུ་སྡོད་སྲོལ་ཡོད་པ་རེད་ཅེས་སྔོན་ཐོས་མ་མྱོང་བའི་ངག་རྒྱུན་ཞིག་བཤད་བྱུང་མོད། དོན་དུ་དེའང་མཁར་རྫོང་གི་དགྲ་བོ་འགོག་ལ་རང་ཉིད་སྲུང་བའི་ནུས་པ་བསྟན་པ་ལས་མ་འདས། ཐག་རིང་ནས་བལྟས་ན་མཁར་རྫོང་འདི་དེ་འདྲ་རྔམ་བརྗིད་ལྡན་པ་ཞིག་མི་མཐོང་མོད། ཟུར་དུ་བཅར་ནས་བལྟས་དུས་རྩིག་གདོང་འབུར་དུ་དོད་ལ་རྩིག་ངོས་རྒྱ་ཆེ་ལ་ཟིལ་ཤུགས་དང་ལྡན་པས་རང་དབང་མེད་པར་ཧ་ལས་དགོས་པ་ཞིག་རེད། རྩིག་ངོས་སུ་ཤིང་ལེབ་ཕྲེང་གཅིག་ཏུ་བསྒྲིགས་པ་འགའ་མཐོང་རྒྱུ་ཡོད་པ་དེ་ནི། རྩིག་རྡོ་བར་ཤིང་ལེབ་ཕན་ཚུན་བསྣོལ་ནས་བཞག་ན་རྩིག་པ་བརྟན་པོ་ཡོང་བས་རེད་ཟེར། ཁྱད་པར་རྩིག་ངོས་གཉིས་མཐུད་མཚམས་ཀྱི་ཟུར་ལ་རྡོ་གུག་གུག་གོ་གཉིས་ཆོད་ཅན་འགའ་རེ་ཡོད་པ་དེས་མཁར་རྫོང་གི་ཟུར་སོ་སོ་ཕན་ཚུན་དམ་པོར་སྦྲེལ་བར་ཕན་ནུས་ཆེན་པོ་ཐོགས་པས་གནའ་མི་ཚོས་མཁར་རྫོང་གི་འཛུགས་སྐྲུན་ལ་དང་དོད་བྱས་པའི་ཤེས་རབ་མཚོན། དེས་མ་ཚད་གྲོང་པའི་སྟོད་ལ་མཁར་རྫོང་ཞིག་རོ་རྩེག་གཅིག་ཙམ་ཞིག་འདུག ཨ་ནེ་ལོ་བདུན་ཅུ་ཙམ་ཞིག་གིས་ཁོ་རང་ཆུང་དུས་ནས་འདི་ལྟར་ཙམ་ལས་མེད། ལ་ལས་འདི་ཞིག་པ་མ་རེད། ཐོག་མར་བཞེངས་དུས་བར་ཆད་ཕོག་སྟེ་བཞེངས་འཕྲོར་ལྷག་པ་རེད་ཅེས་ཟེར་སྲོལ་འདུགདེའི་འོག་ལ་མཁར་རྫོང་ཟུར་བཞི་ཅན་ཞིག་ཡོད་མྱོང་ཡང་དུད་ཁ་ཞིག་གིས་བཤིགས་ཏེ་ཁང་པ་ལས་པ་རེད་ཟེར།

 

 ཡོངས་གྲགས་སུ་མཁར་རྫོང་གི་གྲུབ་ཚུལ་དང་བྱེད་ནུས། བཟོ་དབྱིབས་བཅས་ཕྱོགས་གསུམ་ནས་བལྟས་ན། རྩིག་རྡོ་མེད་ཀྱང་ས་འདམ་མང་ས་ན་གྱང་བརྡུངས་ནས་བཞེངས་པ་དང་། རྩིག་རྡོ་མང་ས་ན་རྡོ་ཡིས་བརྩིགས་པ་བཅས་ནི་ས་གནས་སོ་སོའི་རང་བྱུང་གི་རྒྱུ་ཆ་ལ་བརྟེན་དགོས་ལ། བྱེད་ནུས་ཀྱི་ཐད་ནས་བཤད་ན་གྲོང་པའི་ཕྱོགས་བཞིར་བཞེངས་པ་ནི་ཐུན་མོང་གི་དགྲ་བོ་འགོག་པ་དང་། གྲོང་པའི་མཐོ་སར་བཞེངས་པ་ནི་སོ་རྒྱག་ས་ཡིན་ལ། མཁར་རྫོང་དང་སྡོད་ཁང་གཉིས་ལྷན་དུ་སྦྲེལ་བ་ནི་ཁྱིམ་ཚང་གི་སྟོབས་ཤུགས་ངོམ་པ་དང་སྒེར་དགྲ་འགོག་པའི་ཆེད་དུ་རེད། ངས་དེ་དག་ལ་རིམ་བཞིན་དུ་གྲོང་མཁར་དང་སོ་མཁར། ཁྱིམ་མཁར་ཞེས་མིང་བཏགས་པ་ཡིན། ཤར་མི་ཉག་རིང་མོའི་ལུང་པ་ལ་བལྟས་ན་མཁར་རྣམ་པ་གསུམ་དེ་ཚང་འདུག

 རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཆིའུ་ཡུས་ཀྱིས་གྱང་རོ་ནི་འཛུགས་སྐྲུན་གྱི་སྟོན་ལོ་སེར་པོ་ལྟ་བུ་ཡིན་ཞེས་པ་ལྟར་རྗེས་ཤུལ་ནི་གནའ་མི་ཚོའི་གོམ་སྟབས་ཀྱི་རི་མོ་ཡིན་པས། ང་མཁར་རྫོང་དེ་དག་གི་འགྲམ་དུ་ལངས་ནས་ལྟ་དུས་མཁར་རྫོང་གི་རྩིག་སྲུབས་ལས་མིག་མང་པོས་ཕྱི་ལྟ་བྱེད་བཞིན་ཡོད་པ་ཚོར་ལ་གཏམ་རྒྱུད་མང་པོའི་མཐུད་མཚམས་ལྷག་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས། མི་མང་པོས་ད་ལྟ་ཞི་བདེའི་དུས་སུ་མཁར་རྫོང་དེ་དག་དགོས་མཁོ་མེད་པས་རིན་ཐང་ཅི་ཡང་མི་འདུག་བསམས་ཏེ་སྲུང་སྐྱོབ་མ་ཟེར། དེ་དག་གི་ཚེ་བསྟུང་བའི་བྱ་སྤྱོད་ངན་པའང་བསྒྲུབས་དང་སྒྲུབ་ཀྱིན་ཡོད་མོད། འཇིག་རྟེན་འདིར་རིག་གནས་ཤིག་གི་རྟགས་མཚན་ཡིན་ན། ཕྱི་རུ་ཕན་མི་ཐོགས་པ་ལྟར་སྣང་ཡང་། དོན་དུ་ས་གཞི་ལ་བརླན་ཡོད་ན་སྐྱེས་དངོས་ལ་ཕན་ཐོགས་པ་ལྟ་བུའི་ནུས་པ་ལྐོག་ནས་འདོན་བཞིན་ཡོད་པ་གཏན་འཁེལ་རེད།

<