ཁམས་འདབ་པ་སྟོང་ཉིད་ལུང་བའི་དམངས་ཁྲོད་རྩོམ་རིག་སྐོར་གྱི་གཏམ་ཐོས་པ་གཅེས་བསྒྲིགས།

2016-12-07

  གཉེན་སྒྲིག་རིག་གནས་ཀྱི་སྐོར།   

  གཅིག  གཉེན་བསུ་གླུ་ལེན་གྱི་སྐོར། 

  ༡. རྟ་བབས་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་། རྟ་ར་པའི་གསེར་གྱི་སྒ་ཆས། ཤེལ་མེ་ལོང་རྐྱང་གི་ཐོད་གཙུག་སྣང་། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་། རྟ་མི་བབས་མི་བབས་རྟ་མི་བབས། མགྲོན་ང་ཚོའི་བཞུགས་སའི་གདན་ཨེ་ཡོད།  རྟ་བབས་རོགས་བབས་རོགས་རྟ་བབས་རོགས།  མགྲོན་ཁྱེད་ཚོར་བཞུགས་སའི་གདན་ཡོད། རྟ་མི་བབས་མི་བབས་རྟ་མི་བབསའ། རྟ་རྐྱང་རྐྱང་བཀག་སའི་རྟ་རྭ་ཨེ་ཡོད།  རྟ་བབས་རོགས་བབས་རོགས་རྟ་བབས་རོགས།  རྟ་རྐྱང་རྐྱང་བཀག་སའི་རྟ་རྭ་ཡོད། རྟ་མི་བབས་མི་བབས་རྟ་མི་བབས། སྒ་གསེར་སྒ་བཞག་སའི་རྡང་ཨེ་ཡོད། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། སྒ་གསེར་སྒ་བཞག་སའི་རྡང་ཡོད། རྟ་མི་བབས་མི་བབས་རྟ་མི་བབས། སྲབ་གསེར་སྲབ་འཕྱང་ས་འགུག་ཨེ་ཡོད། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། སྲབ་གསེར་སྲབ་འཕྱང་ས་འགུག་ཡོད།

 

  ༢. ཆུ་བླུག་གི་གླུ། ཨེ་ལི་ལ་མོ་ཨེ་གླུ་རེད།  ཨེ་གླུ་ངའི་ཁ་གླུ་རེད། དེ་རིང་བསྐལ་བ་ཡར་བཟང་རེད།  རྟེན་འབྲེལ་ཡར་འགྲིག་རེད།  ཆུ་འདི་མ་བཏབ་ཁག་མེད་རེད།  གངས་སེང་དཀར་མོའི་འོ་མ་ཡིན།  གཡུ་འབྲུག་སྔོན་མོའ་ིཁ་མཆུ་ རེད།  ཆུ་འདི་མ་བཏབ་ཁག་མེད་རེད། ཆུ་མ་བཏབ་མ་བཏབ་ཆུ་མ་བཏབ།  མགྲོན་ང་ཚོའི་ཐོག་ལ་ཆུ་མ་བཏབ། མགོ་ཞྭ་མོ་ཁྲ་མོ་བརླན་པ་ཡིན། ལུས་རྒྱལ་གོས་ཁྲ་མོ་བརླན་པ་ཡིན།  རྟ་གསེར་སྒ་ཁྲ་མོ་བརླན་པ་ཡིན། ཆུ་འདི་མ་བཏབ་ཁ་མེད་རེད། བྱ་རྒྱལ་ཁྱུང་གི་སྒོ་ང་རེད། སྐལ་བ་བཟང་བོའ་ིནས་འབྲུ་རེད།  ཆུ་འདི་མ་བཏབ་ཁ་མེད་རེད། 

  ༣.ཐར་གླུ་སྒོ་བཀག་གི་གླུ། སྒོ་ཡར་ཕྱོགས་ཡི་གེ་ཨེ་ཡིས་བཀག མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་། ཡི་གེ་ཨེ་ཡི་ང་མི་བཀག ཡི་གེ་ཨེ་ཆུང་ངེད་གཉིས་མཉམ་དུ་འོང། སྒོ་མར་ཕྱོགས་སྒོ་ཁྱི་ཆེན་པོས་བཀག  མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་། སྒོ་ཁྱི་ཆེན་པོས་ང་མི་བཀག   ནགས་སྟག་མོ་ངེད་གཉིས་མཉམ་དུ་འོངས། མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང། སྐས་འགོ་བྱ་ཕོ་གདོང་གིས་བཀག བྱ་ཕོ་གདོང་གི་ང་མི་བཀག ཕྲ་བྱ་ཁྲ་ངེད་གཉིས་མཉམ་དུ་འོང། མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་།  ཐབ་ཀ་རྟ་མགོ་ཟུར་གྱིས་བཀག རྟ་མགོ་ཟུར་གྱིས་ང་མི་བཀག   ཇ་འཁོར་དྲུག་ངེད་གཉིས་མཉམ་དུ་འོངས།  

 

  ༤. རྒྱ་གར་སྡེ་བཞིའི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་།  མགྲོན་ཁྱེད་ཚོ་བྱོན་པར་གང་ནས་བྱོན།  མགྲོན་ང་ཚོ་འོང་བ་རྒྱ་གར་ནས་འོང། རྒྱ་གར་འོང་ན་རྒྱ་ གར་སྡེ་བཞི་པཤད་ཤོག རྒྱ་གར་བླ་མ་ཆོས་ལམ་བདེ་བྱུང་། རྒྱ་གར་དཔོན་པོ་ཁྲིམས་ལམ་བདེ་བྱུང་། རྒྱ་གར་སྐྱེས་པ་ཚོང་ལམ་བདེ་བྱུང་། རྒྱ་གར་བུ་མོ་གཉེན་ལམ་བདེ་བྱུང་། མགྲོན་ཁྱེད་ཚོར་ལམ་ཞག་གང་ས་སྡོད།  མགྲོན་ང་ཚོ་ཞག་ལམ་ཉ་ཆུ་ཁ་ལ་སྡོད། ཉ་ཆུ་ཁ་ལ་སྡོད་ནས་ཉ་ཆུ་རྐྱལ་གསུམ་བཤད། རྐྱང་རྐྱང་རྟ་ཡི་སྦུ་རྐྱལ་བྱེད་དེ་འོང། བྱོལ་གསུམ་ཉ་ཡི་འདབ་རྐྱལ་བྱས་ཏེ་འོང། མགོ་ནག་མི་ཡི་བཞི་རྐྱལ་བྱེད་དེ་འོང། མགྲོན་ཁྱེད་ཚོས་དགོང་རྒྱགས་གང་ནས་ཟ། མགྲོན་ང་ཚོས་དགོང་རྒྱགས་སྤང་དཀར་སྟོད་ལ་འཆར། སྤང་དཀར་སྟོད་ལ་བཟས་ན་དྲོ་གསུམ་བཤད། གསེར་ཉི་མ་དྲོ་དྲོ་རྒྱབ་ཏུ་ དྲོ། གོས་ཚ་རི་ལྤགས་པ་བར་དུ་དྲོ།  ཆང་ཨེ་རག་དྲོ་དྲོ་ནང་དུ་དྲོ། 

<