པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།

2018-11-22

 

   འདིའི་ནང་དུ་ཁོང་གིས་བཀྲ་ཤིས་ལྷུན་པོར་སློབ་གཉེར་མཛད་ཚུལ་དང་ཁྲི་ཐོག་ཏུ་ཕེབས་ཚུལ་དང་། བུ་སློབ་དག་ལ་ཆོས་ཀྱི་ཆར་བ་ཕབས་ཚུལ། གསུང་རྩོམ་སོགས་གླེང་ཡོད།

  འཁྲུངས་རབས།

  ཁོང་ནི་རབ་བྱུང་བཅུ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ1570ལོར་གཙང་རོང་གི་མཚམས་ལྷན་གྱི་ནང་དྲུག་བརྒྱ་པའི་སྤེའུ་ཡུལ་དུ་ཡབ་འཚོ་བྱེད་ཚེ་རིང་དཔལ་འབྱོར་དུ་གྲགས་ཀྱང་དོན་ལ་གསོ་རིག་གི་ཡོན་ཏན་དང་ལྡན་པའི་མེས་པོ་དྲུང་འཚོ་བ་ཀུན་དཀའ་འོད་ཟེར་དང་།ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས། ལྷ་དང་བླ་མའི་ལུང་བསྟན་དང་མཐུན་པ་མཚན་ཆོས་རྒྱལ་དཔལ་ལྡན་བཟང་པོ་ཞེས་གསོལ།དགུང་ལོ་ཆུང་དུས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བཅུ་གསུམ་པར་དབེན་དགོན་དུ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།

  དགུང་ལོ་བཅུ་བཞི་པར་དབེན་དགོན་གྱི་ཁྲི་པ་མཛད།དགུང་ལོ་བཅུ་བདུན་པར་བཀྲ་ཤིས་ལྷུན་པོར་མཚན་ཉིད་སློབ་གཉེར་ལ་ཕེབས། དགུང་ལོ་ཉེར་གཉིས་པར་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཅུ་བཞི་པ་དམ་ཆོས་ཡར་འཕེལ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་པར་ལྷ་མཆོད་ཆེན་མོའི་ཉིན་གངས་ཅན་ཆོས་འཕེལ་གྱི་ཁྲིར་ཕེབས། དགུང་ལོ་སོ་གཅིག་པར་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས། དགུང་ལོ་ཞེ་བཞི་པར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་ལྔ་བཅུ་པར་ལྷ་སའི་ལྕགས་པོ་རིའི་མཚམས་སུ་བོད་སོག་དམག་འཁྲུག་ལངས་སྐབས་ཆིངས་ཞུ་ནན་ཆེན་མཛད་པས་དམག་མཚམས་བཅད། དགུང་ལོ་ལྔ་བཅུ་ང་གཉིས་པར་རྒྱལ་བ་བློ་བཟང་རྒྱ་མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ང་ལྔ་པར་རྒྱལ་དབང་ལྔ་པའི་རབ་བྱུང་གི་མཁན་པོ་མཛད། དགུང་ལོ་རེ་བརྒྱད་པར་རྒྱལ་དབང་ལྔ་པར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། དགུང་ལོ་དོན་གཉིས་ནས་བཟུང་ཞྭ་ལུ་དགོན་གྱི་མཁན་པོ་ལོ་ཉི་ཤུར་མཛད། དགུང་ལོ་དོན་བཞི་པར་སེ་ཆེན་ཆོས་རྗེ་རྒྱ་ནག་ཏུ་ཆེད་གཏོང་མཛད་པས། གོང་མ་ཤུན་ཊིས་བླ་ན་མེད་པ་ཞེས་པའི་མཚན་གསོལ་བར་མ་ཟད་གསེར་ཡིག་པ་ཆེད་གཏོང་གིས་ཐམ་ག་སྐྱེས་དང་བཅས་པ་ཕུལ། དགུང་ལོ་དོན་ལྔ་པར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་པཎ་ཆེན་སྦོ་ཁི་ཏོ་ཞེས་པ་སྟེ་བློ་གྲོས་སྟོབས་ལྡན་ཞེས་པའི་མཚན་སྙན་གསོལ།

    སློབ་མ།

  རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། རིན་པོ་ཆེ་སངས་རྒྱས་ཡེ་ཤེས་དང་སྒོམ་པོ་སྤྲུལ་སྐུ། སེ་ཆེན་ཆོས་རྗེ་དང་སྟོང་འཁོར་སྤྲུལ་སྐུ། སྐྱིད་ཤོད་ཞབས་དྲུང་ཆོས་རྗེ་བཅས་ཡིན།

    གསུང་རྩོམ།

  《བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ》 《དཀར་ཆགརྟོགས་བརྗོད》 《རྣམ་ཐར》 《ཆོ་ག》 《རྣམ་བཤད》 《རྩོད་ལན》 《བཅའ་ཡིག》བཅས་པོ་ཏི་ལྔ་བཞུགས་སོ།།

  དཔྱད་གཞིའི་ཡིག་ཆ།

  པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི 《ལམ་རིམ་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། 》 ཤོག་ངོས1ན་གསལ། 

<