བྱམས་པ།

2018-10-31

 

   ཨ་མདོ་བྱམས་པ་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་བ་མཁས་ཆེན་ཞིག་ཡིན་ཞིང་། རྒན་བྱམས་པ་ལགས་ཀྱི་རི་མོ་ནི་པར་རྒྱབ་པ་དང་ཁྱད་པར་མེད་པ་བྲིས་པས་གང་སར་སྐད་གྲགས་ཁྱབ་ཡོད། བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐིགས་དང་ཆ་ཚད་གཞིར་བཞག་སྟེ། རང་གིས་རི་མོའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་གསར་སྤེལ་གནང་བར་བརྟེན་བོད་ཀྱི་རི་མོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་བྲིས་རྩལ་འཛོམས་པའི་རི་མོ་བ་གྲགས་ཅན་ཞིག་ཡིན།

   ངོ་སྤྲོད།

   བོད་ཀྱི་སྲོལ་རྒྱུན་རི་མོ་བ་མཁས་ཆེན་ཨ་མདོ་བྱམས་པ་ནི་སྤྱི་ལོ1914ལོར་མཚོ་སྔོན་གཅན་ཚ་རྫོང་དུ་འཁྲུངས། ཁོང་ལ་བོད་ལྗོངས་ཀྱི་པིས་ཅའ་སའོ་ཞེས་པའི་མཚན་སྙན་ལྡན་ཞིང་། ཁོང་གིས་བརྩམས་པའི་རི་མོ་དག་ལས་ང་ཚོ་བོད་ཀྱི་ཆོས་ལུགས་དང་། ཁོར་ཡུག་མི་སྣའི་ལས་དབང་སོགས་མངོན་སུམ་དུ་ཚོར་ཐུབ། སྤྱི་ལོ1921 ལོར་ཁོང་གཅན་ཚ་རྫོང་གི་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྤྱི་ལོ1936 ལོར་ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། སྤྱི་ལོ1942 ལོར་དགུང་ལོ28སྟེང་ལྷ་སར་གནས་མཇལ་དུ་སོང་སྟེ་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། སྤྱི་ལོ1955 ལོར་དགུང་ལོ41སྟེང་ཕོ་བྲང་པོ་ཏ་ལར་སླེབས་ནས་དེ་གའི་རི་མོ་བའི་འགན་བཞེས། སྤྱི་ལོ1981ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང༌། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས། དགུང་ལོ85ལོན་པའི་ཁོང་ཉིད་ཀྱིས་སློབ་གྲྭ་དེའི་འགོ་འཛིན་དང་དགེ་རྒན་གྱི་འགན་བཞེས། སྤྱི་ལོ2002 ལོའི་ཟླ3པའི་ཚེས28ཉིན་ལྷ་སར་འགྲོ་བའི་ལམ་བར་དུ་སྐུ་གཤེགས།

   བྱ་བའི་གྲུབ་འབྲས།

   བོད་ཀྱི་མཛེས་རྩལ་ཆེད་གཉེར་གྱི་སློབ་གྲྭ་འདི་ནི། ཨ་མདོ་བྱམས་པ་ཁོང་གི་བཞེད་དགོངས་ལྟར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གཙང་རས་ལམ་དུ་སྒེར་གཉེར་བྱས་པའི་སློབ་གྲྭ་ཞིག་ཡིན་ལ།  སྤྱིར་བོད་ཀྱི་སྲོལ་རྒྱུན་ཐང་གའི་རི་མོའི་འབྲི་སྲོལ་རྣམ་གྲངས་ལ། སྨན་ལུགས། མཁྱེན་ལུགས། སྒར་ལུགས། སྨན་གསར། སྒར་གསར། འབྲི་ལུགས། ཨེ་བྲིས། ཁམས་བྲིས་སོགས་ཡོད་པའི་ནང་ནས་དུས་རབས་ཉི་ཤུ་པའི་སྐབས་ཀྱི(ཨ་མདོ་བྱམས་པའི་ལུགས) ཞེས་པའི་རི་མོ་གསར་གཏོད་པ་རྒན་བྱམས་པ་ལགས་ཀྱི་རི་མོ་ནི་པར་རྒྱབ་པ་དང་ཁྱད་པར་མེད་པ་བྲིས་པས་སྐད་གྲགས་གང་སར་ཁྱབ་ཡོད། བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐིགས་དང་ཆ་ཚད་གཞིར་བཞག་སྟེ། རང་གིས་རི་མོའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་གསར་སྤེལ་གནང་བར་བརྟེན་བོད་ཀྱི་རི་མོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐུལ་མ་ཤུགས་ཆེན་ཐེབས་ཡོད། སྤྱི་ལོ1999ལོར་གསར་དུ་བཙུགས་པའི་སློབ་གྲྭ་དེ་ཉིད་ད་ལྟ་ཡང་འཐོར་ཞིག་མེད་པར་གནས་ཡོད། སྤྱི་ལོ2002 ལོར་ཁོང་སྐུ་གཤེགས་རྗེས། ཁོང་གི་སློབ་བུ་ཤུལ་ལུས་ནང་ནས་མཆོག་ཏུ་གྱུར་བ་རྒན་སྤེན་པ་ཚེ་རིང་མཆོག་གིས་སྒེར་སེམས་མེད་པ་དང༌། མིང་གྲགས་གཉེར་འདོད་མ་ཡིན་པའི་སྒོ་ནས། སྤྱིར་རང་མི་རིགས་ཀྱི་རིག་གནས། སྒོས་སུ་རྒན་བྱམས་པ་ལགས་ཀྱི་ཕྱག་རྒྱུན་འདི་ཉིད་བསྲེ་སླད་མེད་པའི་སྒོ་ནས་མ་ཉམས་གོང་སྤེལ་དང༌། ཉམས་པ་སླར་གསོའི་ཐད། ངང་རྒྱུད་ཆུ་བོའི་རྒྱུན་བཞིན་སྔ་རྗེས་སུ་སློབ་མ་འགའ་ཞིག་ལ་སློབ་ཐོན་ལག་ཁྱེར་གནང་བ་དང༌། ད་ལྟའང་རྒྱ་རིགས་དང་བོད་རིགས་ཀྱི་ས་ཁུལ་སོ་སོར་ནས་ཡོང་བའི་མདོ་དབུས་ཁམས་གསུམ་གྱི་སློབ་མ་སུམ་ཅུ་ལ་ཉེ་བ་བསྡུ་རུབ་མཛད་ནས་སློབ་གཉེར་གྱི་ཁོར་ཡུག་བཟང་པོ་འདོད་འཇོའི་བུམ་བཟང་ཞིག་དང་གཉིས་སུ་མེད་པའི་སློབ་གྲྭ་འདི་སྐྱོང་བཞིན་ཡོད། ང་ཚོའི་རི་མོ་འདི་ཉིད། སྣུམ་བརྗིད་བཀྲག་གསུམ་དང༌། མི་ཞིག་བྲིས་ནའང་རི་མོ་དེ་ཉིད་མཁས་བླུན་སུས་མཇལ་ཀྱང་མཇལ་བ་ཙམ་གྱིས་མི་དེ་མངོན་སུམ་ལྟ་བུའི་ཚོར་སྣང་སྦྱིན་ལ་གསོན་ཉམས་ལྡན་པའི་དངོས་བྲིས་ཀྱི་རི་མོ་ཁྱད་པར་ཅན། ཚར་དུ་དངར་བ་ཞིག་ཡོད་པ་ནི་བྱམས་པ་ལགས་ཀྱི་ཕྱག་རྩོམ་ལས། ཇི་སྐད་དུ། ངས་བྲིས་པའི་རི་མོ་འདི་ནི་ཤར་ཕྱོགས་ཀྱི་རི་མོའི་ཉམས་འགྱུར་མེད་ལ། ནུབ་ཕྱོགས་ཀྱི་རི་མོའི་ཉམས་འགྱུར་དེ་བས་ཀྱང་མེད། འདི་ནི་ངའི་ཉམས་མྱོང་དང་བསམ་བློ་ལས་བྱུང་བ་ཞིག་ཡིན་ཞེས་པ་ལྟར་ན། ང་ཚོའི་རི་མོ་འདི་ནི་དམིགས་གསལ་རང་བཞིན་གྱི་གསར་གཏོད་ཀྱི་རྣམ་པ་ཞིག་ཡོད་པ་ཁོང་གིས་རྩོམ་ཡིག་ལས་གསལ་ཐུབ།

    བརྩམས་ཆོས།

 

  སྤྱི་ལོ1956 ལོར་ཕོ་བྲང་ནོར་བུ་གླིང་ག་རུ་མིང་གྲགས་ཅན་གྱི་རི་མོ «སྟོན་པའི་ཆོས་གསུང་པ་དང» དང«ཁམས་གསུམ་ལ་བསམ་གཞིགས་གཏོང་བ» གཉིས་ཕྱག་བྲིས་གནང༌། སྤྱི་ལོ1981 ལོར་རྒྱ་གར་ནས «བོད་ཀྱི་བཙན་པོ་རྣམ་གསུམ» ཞེས་པའི་རི་མོ་ཕྱག་བྲིས་གནང་། སྤྱི་ལོ1999 ལོར་ཁོང་གིས་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས།

  སྤྱི་ལོ1956 ལོར་ཕོ་བྲང་ནོར་བུ་གླིང་ག་རུ་མིང་གྲགས་ཅན་གྱི་རི་མོ «སྟོན་པའི་ཆོས་གསུང་པ་དང» དང«ཁམས་གསུམ་ལ་བསམ་གཞིགས་གཏོང་བ» གཉིས་ཕྱག་བྲིས་གནང༌། སྤྱི་ལོ1981 ལོར་རྒྱ་གར་ནས «བོད་ཀྱི་བཙན་པོ་རྣམ་གསུམ» ཞེས་པའི་རི་མོ་ཕྱག་བྲིས་གནང་། སྤྱི་ལོ1999 ལོར་ཁོང་གིས་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས།

 

 

  

<