དགེ་རྒན་དཔག་བསམ་དོན་འགྲུབ་ལགས་མཚམས་སྦྱོར་མདོར་བསྡུས།

2016-07-29

   དགེ་རྒན་དཔག་བསམ་དོན་འགྲུབ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་གི་ཡིག་གཟུགས་ལ་མཁས་རིགས་ཡོད་པའི་ཁྱིམ་དུ་ལྟེ་ཁྲག་འཕོས་ཤིང་། ཆུང་དུས་ནས་རང་རིགས་ཀྱི་སྐད་ཡིག་ལ་བག་ཆགས་ཟབ་མོ་ཡོད་པས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་དམིགས་བསལ་གྱི་དགའ་ཞེན་ཆེན་པོ་ཡོད།ཁྱད་པར་དུ་ཁོང་གི་ཞང་པོ་དང་མེས་མོ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལོ་དྲུག་ཙམ་ནས་སམ་ཊ་སྟེང་དུ་སྨྱུག་བྲིས་ལ་སྦྱངས་ཤིང་། ལོ་བཅུ་གསུམ་གྱི་སྟེང་དུ་དཀར་མཛེས་དགེ་འོས་སློབ་གྲྭའི་ནང་རྒྱུགས་འཕྲོད། དེ་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ཡིག་གཟུགས་འདྲ་མིན་ལ་ངེས་པར་དོན་གྱི་མཁས་པ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་བཀྲ་ཤིས་དོན་འགྲུབ་དང་། ཤེས་བྱ་ཀུན་ལ་མཁྱེན་སྤྱན་ཡངས་པའི་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོ་སོགས་ཀྱི་དྲུང་ནས་འབད་པ་ཆེན་པོས་ཡིག་གཟུགས་ལེགས་པོར་སྦྱངས་པ་དང་།  དེ་རྗེས་དར་མདོ་མི་རིགས་ལས་བྱེད་སློབ་གྲྭའི་སྨྱུག་ཐོགས་པ་སྐལ་བཟང་ཆོས་འཕེལ་དང་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ་སོགས་ཀྱིས་ངག་ཐོག་དང་ལག་ལེན་གང་ཐད་ནས་རིན་ཐང་བྲལ་བའི་མཛུབ་སྟོན་ལེགས་པོར་གནངས་བས་བྲིས་གཟུགས་འདྲ་མིན་ཐད་ལ་རིག་གནས་དང་སྒྱུ་རྩལ་གྱི་རྩ་བ་བརྟན་པོར་ཚུགས། 

   དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ། དེ་བཞིན་རྫོང་རིམ་པའི་འགྲན་བསྡུར་གྱི་ཁྲོད་དུ་བོད་ཡིག་གི་བྲིས་གཟུགས་དང་། དཔྱད་རྩོམ་མང་པོ་ལ་བྱ་དགའ་ཐོབ་ཅིང་དུས་དེབ་ཁག་གི་ནང་བཀོད་ཡོད་པ་དང་། ཁོང་གི་ཡིག་གཟུགས་རྣམས་སྔ་ཕྱི་རུ་དར་མདོ་དང་། ཙི་དབྱང་། ཁྲེན་ཏུའུ། ཧྲ་ཧའེ། ཧྲེན་ཀྲེན་གྲོང་ཁྱེར་སོགས་སུ་བཤམས་སྟོན་བྱས་པས་བྲིས་གཟུགས་ལ་དགའ་བའི་དཔྱད་ལྡན་མང་པོས་གདེང་འཇོག་ལེགས་པོར་བྱས། 

      དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་བྲིས་པའི༼ལྕགས་སྨྱུག་གིས་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི༽དང་། ༼ཆུང་འབྲིང་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས༽གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་དཔར་བསྐྲུན་བྱས་ཤིང་རྒྱ་ཆེ་དགེ་སློབ་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱིས་མཐའ་རྒྱན་སྤྲས་པའི་བྲིས་གཟུགས་རྣམས་ལ་རྒྱ་ཆེའི་ཤེས་ཡོན་པས་ལེགས་བསྟོད་ཀྱི་གདེང་འཇོག་ཚད་མཐོན་པོར་བྱས་ཤིང་། བོད་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་སྲི་ཞུ་གང་ཐུབ་བྱས། 

  དགེ་རྒན་དཔག་བསམ་དོན་འགྲུབ་ཀྱིས་བགྲང་བྱ་སུམ་ཅུ་ལ་ཉེ་བའི་རིང་དུ་བོད་ཀྱི་བྲིས་གཟུགས་ཀྱི་སྒྱུ་རྩལ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱས་ཤིང་། ཁྱད་པར་དུ་བོད་ཀྱི་སྨྱུག་ཐོགས་པ་གྲགས་ཅན་ས་སྐྱ་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་དོན་འགྲུབ་ཀྱི་ཡིག་ཚུགས་སྒྱུ་རྩལ་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་ལེགས་པོར་ཐོབ་པ་མ་ཟད། ཁོང་གིས་ཁམས་རིས་མཛེས་རྩལ་ཅན་གསར་གཏོད་བྱས་པ་དང་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡའི་ལེ་ཚན་གྱི་གདན་འདྲེན་ཞུ་བ། ཁྱད་པར་དུ་དགེ་རྒན་གྱིས་བྲིས་པའི་ཡིག་གཟུགས་ཞལ་ཐང་རིང་མོ་ལ་ཧྲ་ཧེའེ་ཅིས་ནས་སྲི་ཆེས་རིང་བའི་ཡིག་གཟུགས་ཀྱི་བྱ་དགའ་ཐོབ། 

   དགེ་རྒན་དཔག་བསམ་དོན་འགྲུབ་ནི་ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་དང་སློབ་འབྲིང་གི་མཐོ་རིམ་དགེ་རྒན། དཀར་མཛེས་ཁུལ་བགྲེས་པོ་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་བོད་ཡིག་གི་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ཞིང་། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནངས་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད། འགྲུབ་པའི་དཔལ་དུ་བཀྲ་ཤིས་ཤོག 

        དགེ་རྟག་གཞས་ཚིག་གི་བོད་ཡིག་ཞལ་ཐང་རིང་མོ། 

  ལེགས་བྲིས་ལྷ་ཡི་སྐྱེད་མོས་ཚལ་བཞིན་རང་བྱུང་སྣོད་ཀྱི་བཀོད་པ་མཛེས།། 

  ཉི་ཟླ་སྐར་གསུམ་ས་ལ་འཕོས་འདྲའི་ཆོས་སྡེ་ཁག་གི་གཟི་བྱིན་འབར།། 

  དེང་རབས་ཁང་བརྩེགས་གྲལ་བསྟར་བསྒྲིགས་པས་རྣམ་རྒྱལ་ཁང་བཟང་མིང་ཙམ་གྱུར།། 

  ཆོས་དཔལ་རིག་གསུམ་དབྱར་གྱི་ཆུ་གཏེར་ཟླ་བ་ཡར་ངོའི་དཔལ་ལ་འགྲན།། 

  སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་ཕྲ་མོས་ཚངས་སྲས་མ་ཡི་ཁེངས་པ་འཕྲོག། 

  མདོངས་མཐའི་འགྲོས་ཀྱི་གར་སྟབས་རེ་རེས་དྲང་སྲོང་རྒན་པོའི་ཏིང་འཛིན་གཏོར།། 

  མདོ་སྔགས་ལམ་གྱི་ཟབ་གནད་མཐའ་ཐུག་བརྗོད་བྱའི་སྙིང་པོ་འདི་རུ་བསྡུས།། 

  ཨེ་མ་དཀར་མཛེས་དགེ་རྟག་ཚང་གི་གཞས་ར་ཁྲ་མོ་འདི་རྨད་དོ།། 

    ཡིག་གཟུགས་ཀྱི་ཞལ་ཐང་རིང་མོ་འདིར་རིང་ཚད་རྨི༡༤༢.༨དང་ཞེང་ལ་རྨི་༠.༨ཡོད། དགེ་རྟག་གི་གཞས་སུམ་ཅུ་ཙམ་འཚོལ་སྡུད་བྱས་ཡོད་ལ། ༢༠༡༢ལོར་འགོ་བརྩམས་ནས་དམངས་ཁྲོད་དུ་ཕྱིན་ཏེ་ཐོག་མ་གཞས་ཚིག་འཚོལ་བསྡུར་བྱས། དེ་རྗེས་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དགེ་བྱམས་པ་རྡོ་རྗེ་དང་ལྟག་ཨོ་རྒྱན་ཆོས་འཕེལ་རིན་པོ་ཆེ་གཙོ་བོ་བྱེད་པའི་དགེ་རྒན་རྣམས་དང་ཡིག་མཁན་རྣམས་ཀྱི་བཀའ་སློབ་དང་ཉམས་མྱོང་ལྟར་ཞལ་ཐང་རིང་མོ་འདི་འབྲི་རྒྱུའི་འཆར་གཞི་འཇོག་པ་ཡིན། ལས་དོན་འདིར་དགེ་མང་འཇམ་དཔལ་དང་འདན་མ་བཀྲ་དགའ་སོགས་བྲིས་པ་མང་པས་མཛུབ་སྟོན་མང་ཙམ་བྱེད་པའོ། དམིགས་ཡུལ་གཙོ་བོ་ནི་བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འདི་རྒྱུན་འཛིན་དང་དར་སྤེལ། ཕྱི་ཕྱོགས་ལ་དྲིལ་བསྒྲགས། མ་ཚད་ཁམས་དཀར་མཛེས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། གཞས། ཞབས་བྲོ་སོགས་ཞིབ་འཇུག་དང་ངོ་སྤྲོད་ཆེད་དུ་ཡིན། ཞལ་ཐང་རིང་མོ་འདི་ལནྫ་དང་ལརྟུ། ཡིག་དཀར། འབྲི་ཚ། དཔེ་ཚུགས། ཁམས་ཀྱི་མཛེས་རིས།འཁྱུགས་ཡིག་བཅས་ཡིག་གཟུགས་བརྒྱད་ཀྱིས་གྲུབ་པ་འདིས་ནི། བཀྲ་ཤིས་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད་མཚན།ཡི་གེ་དང་མཐའ་རྒྱན་དམར། སེར། དཀར། ནག་སྟེ་མདོག་བཞིས་ཞི་རྒྱས་དབང་དྲག་བཞི་མཚན།ཞལ་ཐང་འབྲི་བྱེད་སྨྱུ་གུ་སྲོལ་རྒྱུན་གྱི་སྨྱུག་མའི་སྨྱུ་གུ་དང་། དེང་རབས་ཀྱི་པུར་གྱིས་བྲིས་པས་གནམ་ས་དང་རི་ཆུ་ཕོ་མོ་སོགས་མཚན་པར་བྱས་སོ།། 

 དཔག་དཀའི་ཆོས་དང་རིག་གཞུང་འདི།། 

  བསམ་ཞིང་སྒྲུབ་པའི་སྙིང་སྟོབས་ཀྱིས།། 

  དོན་གཉིས་འདི་ཕྱི་ལེགས་ཚོགས་ཀུན།། 

  འགྲུབ་པའི་དཔལ་དུ་བཀྲ་ཤིས་ཤོག། 

<