མངའ་རིས་རྒྱལ་པོ།

2018-12-19

 

   གནམ་ལྡེ་འོད་སྲུང་གི་རྒྱུད་པར་གོད་ཆགས་ཚབས་ཆེན་བྱུང་ཞིང་། སྲས་དཔལ་འཁོར་བཙན་སྟག་རྩེ་གཉགས་ཀྱིས་བཀྲོངས། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་ཞང་ཞུང་ཁུལ་དུ་བྲོས་བྲོལ་དུ་བྱོན། སྐྱིད་ལྡེ་ཉི་མ་མགོན་གྱིས་སྤུ་ཧྲེང་དུ་བྱོན་ནས་ཞང་ཞུང་དབང་དུ་བསྒྱུར། རྗེས་སུ་མངའ་རིས་སུ་དབང་བསྒྱུར་བྱས་པ་ལ་ཟེར།

  གནམ་ལྡེ་འོད་སྲུང་གི་རྒྱུད་པར་གོད་ཆགས་ཚབས་ཆེན་བྱུང་ཞིང་། སྲས་དཔལ་འཁོར་བཙན་སྟག་རྩེ་གཉགས་ཀྱིས་བཀྲོངས། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་ཞང་ཞུང་ཁུལ་དུ་བྲོས་བྲོལ་དུ་བྱོན། སྐྱིད་ལྡེ་ཉི་མ་མགོན་གྱིས་སྤུ་ཧྲེང་དུ་བྱོན་ནས་ཞང་ཞུང་དབང་དུ་བསྒྱུར། སྐུ་ན་བགྲེས་སྐབས་ཡབ་མེས་སྲིད་ལ་མི་འཆམ་པར་བོད་སིལ་བུར་ཐོར་བའི་བསླབ་བྱ་མ་བརྗེད་པར། མངའ་རིས་སྐོར་གསུམ་དུ་ཕྱེ་སྟེ་བུ་གསུམ་ལ་བགོས་པས། སྲས་གསུམ་པོ་ལ་དྭགས་དང་། སྤུ་ཧྲེང་། ཟངས་དཀར་བཅས་ཀྱི་རྒྱལ་པོར་གྱུར་ཏེ། སྟོད་ཀྱི་མགོན་གསུམ་གྲགས།

  དེ་ཡང་རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཞེས་པ་རུ། མངའ་རིས་རྒྱལ་རྒྱུད་ཅེས་པ་ནི་མངའ་བདག་འོད་སྲུང་གི་སྲས་དཔལ་འཁོར་བཙན་གྱི་བཙན་མོ་ཆེན་མ་ལ་སྲས་སྐྱིད་ལྡེ་ཉི་མ་མགོན་བྱ་བ་འཁྲུངས་ཤིང་། སྐབས་དེར་དབུས་གཙང་གི་ཡུལ་གྲུ་དང་སྲིད་དབང་ཕལ་ཆེར་ཡུམ་བརྟན་ཕྱོགས་ཀྱིས་བཟུང་བས་འོད་སྲུང་གི་རྒྱུད་པ་ལྷོ་ཁར་བྱོལ་ཏེ་ཡར་ཀླུང་སོགས་ཡུལ་གྲུ་ཁ་ཤས་བཟུང་ནས་དབང་མཛད་ཀྱང་། སྤྱི་ལོ893ལ་མངའ་བདག་དཔལ་འཁོར་འབངས་གྱེན་ལོག་ནང་སྟག་རྩེ་བཞེར་གྱིས་སྐུ་བཀྲོངས་པ་དང་། ཁོང་གི་བཙུན་མོ་ཆེན་ཆུན་གྱི་རིགས་སྲས་ཀྱང་ཕྱོགས་སུ་བྱོན་པ་དང་། ལྷ་སྲས་འདི་སྤྱོད་པ་ལེགས་ཤིང་བློ་གྲོས་ཆེ་བའི་ཁར་རིགས་རུས་མཐོ་བ་བཙན་པོའི་སྐུ་རྒྱུད་ཡིན་སྟབས་ཡུལ་དེའི་འབངས་རྣམས་མགུ་ནས་ཁོང་ཚོའི་རྗེ་བོར་མངའ་གསོལ། དེ་ནས་སྤུ་རངས་སུ་སྐུ་མཁར་ཉི་བཟུངས་བྱ་བ་བརྩིགས་ནས་ཡུལ་དཔོན་མཛད་དེ་བཞུགས། ཕྱིས་འཁོར་གྱི་སྔ་མའི་བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང་ཅོག་རོ་ལེགས་སྒྲ་ལྷ་བྱ་བ་གཉིས་ཀྱིས་རང་གི་བུ་མོ་རེ་ཁོང་ལ་བཙུན་མོར་ཕུལ་བས་རིགས་རྒྱུད་འཕེལ་བ་བྱུང་། བཙུན་མོ་ཅོག་རོ་བཟའ་ལ་སྲས་གསུམ་འཁྲུངས་པ་ལས་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མར་ཡུལ་བཟུང་ཞིང་དེའི་རྒྱུད་པས་ཕྱིས་ཀྱི་ལ་དྭགས་རྒྱལ་རབས་བཙུགས་པ་དང་། བར་པ་བཀྲ་ཤིས་མགོན་གྱིས་སྤུ་རངས་བཟུང་བ་དང་ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་སྟེ་ཕྱིས་ཀྱི་གུ་གེའི་རྒྱལ་རྒྱུད་བྱོན་པ་ལགས། དེར་བརྟེན་སྲས་འདི་གསུམ་ལ་བོད་ཀྱི་ལོ་རྒྱུས་རྣམས་སུ་སྟོད་ཀྱི་མགོན་གསུམ་ཞེས་གྲགས་ཤིང་། ཡུལ་གྲུ་འདི་གསུམ་ནི་བཙན་པོའི་གདུང་རྒྱུད་ཀྱི་མངའ་ཐང་རིས་སུ་མ་ཆད་པའི་ཡུལ་སྐོར་ཚན་ཁག་གསུམ་དུ་གྱུར་སྟབས་དེ་ནས་བཟུང་མངའ་རིས་སྐོར་གསུམ་བྱ་བའི་མིང་ཆགས་ལ། སྲས་ཆུང་བ་ལྡེ་གཙུག་མགོན་ལ་སྲས་སྲོང་ངེ་དང་འཁོར་རེ་བྱ་བ་གཉིས་འཁྲུངས་ཤིང་འདི་གཉིས་ཀྱི་མཚན་ལ《ཀཿཐོག་ཆོས་འབྱུང》དུ་སྲོང་ངེ་ནི་དྲང་སྲོང་ལྡེ་དང་འཁོར་རེ་ནི་འཁོར་ལོ་ལྡེ་ཞེས་པའི་ཚིག་སྡུད་ཡིན་པར་གསུངས། གང་ལྟར་གཅེན་སྲོང་ངེས་སྐུ་ཚེའི་སྟོད་དུ་བཙུན་མོ་བཞེས་པས་སྲས་གཉིས་འཁྲུངས་ཤིང་ཕྱིས་ཚེ་སྨད་ལ་རབ་བྱུང་མཛད་དེ་མཚན་ཡེ་ཤེས་འོད་དུ་གསོལ་ཞིང་འདི་པ་རྟེན་མི་དབང་དང་བཙུན་པ་གཅིག་ལྕོགས་སུ་གྱུར་པས་ཡོངས་གྲགས་སུ་ལྷ་བླ་མ་ཡེ་ཤེས་འོད་ཅེས་འབོད། ཁོང་གིས་མངའ་རིས་སུ་མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་གསར་བཞེངས་མཛད་ཅིང་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་བོད་ཀྱི་གཞོན་ནུ་བློ་རིག་གསལ་བ་ཉི་ཤུ་ལྷག་རྒྱ་གར་དུ་ཆོས་སློབ་པར་བརྫངས་ནས་བསྟན་པ་ཕྱི་དར་གྱི་དབུ་བསླངས་ཤིང་། སྒོས་སུ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་གདན་དྲངས་ཏེ་རྒྱུད་སྡེ་བཞིས་མཚོན་པའི་བཀའ་བསྟན་གྱི་གཞུང་བསྒྱུར་ཅིང་གཏན་ལ་ཕབ་པས་འདུལ་བ་སྟོད་ལུགས་བྱ་བ་དར་བ་དང་། ཕྱིས་ཇོ་བོ་ཨ་ཏི་ཤ་སྟེ་དཔལ་མར་མེ་མཛད་ཞུ་བ་གདན་འདྲེན་གྱི་ཆེད་དུ་གསེར་སྒྲུབ་པར་གར་ལོག་ལ་ཕྱིན་པས་དེ་གའི་རྒྱལ་པོས་ཁོང་བཟུང་ནས་བཙོན་དུ་བཅུག་སྟེ་སྐུ་ཚེ་འདས་པར་གྱུར། དེར་གཅུང་འཁོར་རེས་ཀྱང་ཁ་ཚར་ལྷ་ཁང་བྱ་བ་བཞེངས་ནས་བསྟན་པ་ལ་བཀུར་སྟི་བྱས་ཤིང་དེ་ལ་སྲས་ལྷ་སྡེ་བྱ་བ་བྱོན་པ་དང་དེས་ཀྱང་གཙུག་ལག་ཁང་འགའ་རེ་བཞེངས་ཤིང་བསྟན་བཅོས་དུ་མ་བསྒྱུར་བར་མཐུན་རྐྱེན་བསྒྲུབས་པར་གྲགས། ལྷ་སྡེ་ལ་སྲས་འོད་སྡེ་དང་ཞི་བ་འོད་བྱང་ཆུབ་འོད་བཅས་རིགས་རྒྱུད་གསུམ་འཁྲུངས་པ་ལས་སྲས་ཆུང་བས་རབ་བྱུང་མཛད་པས་མཚན་ལྷ་བཙུན་བྱང་ཆུབ་འོད་ཅེས་འབོད་ལ། འདི་པ་ནི་ཕྱི་ནང་གི་བསྟན་བཅོས་དང་ལོ་ཙཱ་བཅས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བས་ཁོང་གིས་ཁུ་བོའི་བཀའ་ལྟར་ནག་ཚོ་ལོ་ཙཱ་བ་གསེར་དང་བཅས་རྒྱ་གར་དུ་མངགས་ནས་ཇོ་བོ་ཨ་ཏི་ཤ་དངོས་སུ་གདན་དྲངས་ཏེ་བོད་ཀྱི་བསྟན་པ་ལ་དག་ཐེར་གནང་བར་ཞུས་ཤིང་། གངས་ལྗོངས་སུ་ནང་ཚན་ཞོལ་མའི་སྐབས་སུ་འཆད་པར་བྱའོ། ། སྲས་ཆེ་བ་འོད་སྡེས་སྲིད་བསྐྱངས་ཤིང་འདིའི་དུས་སུ་དབུས་གཙང་གི་ཡུལ་དུའང་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་བཤད་ལ། དེའི་སྲས་འབར་ལྡེ་བྱ་བ་དང་དེའི་སྲས་བཀྲ་ཤིས་དང་དེའི་སྲས་བྷ་ནེ་དང་དེའི་སྲས་ནཱ་ག་དེ་ཝ་ཟེར་བ་སོགས་རིམ་པར་བྱོན་པ་འདི་སྟོད་ཀྱི་ནུབ་བྱང་མཐའི་ཡུལ་གྲུ་མང་པོ་མངའ་འོག་ཏུ་བསྡུས་ནས་སྲིད་དབང་བསྒྱུར་ཅིང་ཐུབ་པའི་བསྟན་པ་དང་སྒོས་སུ་བསྟན་པ་ཕྱི་དར་ལ་མཛད་རྗེས་ཆེན་པོ་བཞག་པ་ལགས་སོ།།

    མངའ་རིས་རྒྱལ་པོའི་གདུང་རབས།

 

    
<