ཁྲི་ལྡེ་ཡུམ་བརྟན་གྱི་གདུང་རབས།

2018-12-19

 

   སྤུར་རྒྱལ་གྱི་བཙན་པོ་མཐའ་མ་དར་མ་འུ་དུམ་བཙན་གྱི་བཙུན་མོ་ཆེན་མ་སྣ་ནམ་བཟའི་སྲས་ཁྲི་ལྡེ་ཡུམ་བརྟན་གྱིས་དབུ་རུ་བཟུང་ནས་སྲིད་བསྐྱངས་པ་དེ་ཡིན།

  བོད་མེ་སྟག་སྤྱི་ལོ846ལོར་རྒྱལ་བོ་འུ་དུམ་བཙན་ནམ་གླང་དར་མ་ཞེས་བྱ་བ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་རྗེས་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་པར་ཁ་མ་འཆམས་ནས་སྲིད་དབང་འཕྲོག་རྩོད་ཀྱི་ལས་སུ་ཞུགས་ཤིང་བློན་འཁོར་རྣམས་ཀྱང་ཕྱོགས་གཉིས་སུ་གྱེས། དེ་ལྟར་ལོ་མང་དུ་ཕན་ཚུན་གཡུལ་འཁྲུག་བགྱིས་པ་དང་བསྟུན་སྔར་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་འབངས་གྱེན་ལོག་གི་རླབས་ཕྲེང་ཡུལ་གྲུ་སོ་སོ་ནས་རིམ་གྱིས་གཡོ་བར་གྱུར་སྟབས། བཙན་པོའི་གདུང་རྒྱུད་ཀྱིས་བོད་ལ་དབང་བསྒྱུར་བའི་རྣམ་པ་འཐོར་ཞིག་ཏུ་སོང་། ས་གནས་སོ་སོར་རྗེ་དཔོན་མང་དུ་བྱུང་ཞིང་ཡུལ་གྲུ་བཅད་བཟུང་གི་ཚུལ་གྱིས་གཅིག་འོག་གཅིག་ཏུ་མི་གཏོགས་པའི་རྒྱལ་ཕྲན་སིལ་མ་མང་པོ་བཟོས་བའི་དུས་སྐབས་ཏེ། སྤུར་རྒྱལ་གྱི་བཙན་པོ་མཐའ་མ་དར་མ་འུ་དུམ་བཙན་གྱི་བཙུན་མོ་ཆེན་མ་སྣ་ནམ་བཟའི་སྲས་ཁྲི་ལྡེ་ཡུམ་བརྟན་གྱིས་དབུ་རུ་བཟུང་ནས་སྲིད་བསྐྱངས། ཁོང་ལ་སྲས་ཁྲི་ལྡེ་མགོན་གཉེན་བྱ་བ་འཁྲུངས་པ་ལ། ཡབ་སྲས་གཉིས་ཀྱིས་ལྷ་ས་གཙོས་པའི་དབུས་གཙང་གི་ཡུལ་གྲུ་འགར་དབང་བསྒྱུར་ནས་ལྷ་སའི་རྒྱལ་རྒྱུད་བྱུང་ཞིང་བོད་སྤྱི་ལ་དབང་བའི་རྒྱལ་པོར་མ་གྱུར་བའོ།།

  དེ་ཡང་ལོ་རྒྱུས་མང་ཆེ་བར་བཙུན་མོ་ཆུན་མའི་སྲས་འོད་སྲུངས་ནི་ལྟོ་བོར་གྱི་སྲས་ཡིན་པ་དང་། བཙུན་མོ་ཆེན་མས་སྲས་ཤིག་འཁྲུངས་སྐད་ཀྱི་རྫུན་བྱས་པ་དེར་སོ་ཡོད་སྟབས་བློན་པོ་རྣམས་ཀྱིས་མདང་སྐྱེས་ཀྱི་བུ་ལ་སོ་མི་ཡོང་ཡང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཅེས་སྨྲས་པས་ཡུམ་བརྟན་ཞེས་མིང་ཐོགས་པ་ཡིན་ཚུལ་གཅིག་མཐུན་ལྟ་བུར་གསུངས་ཡོད་ཅིང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གཉིས་ཀ་གླང་དར་མའི་སྲས་ངོ་མ་ཡིན་ཚུལ་རྒྱུ་མཚན་དང་བཅས་པ་གསུངས་ཡོད། འོན་ཀྱང《ལྡེའུ་ཆོས་འབྱུང》རྒྱས་བསྡུས་གཉིས་དང《མཁས་པའི་དགའ་སྟོན》བཅས་ཀྱི་ནང་འོད་སྲུང་ལ་ལྟོ་བོར་གྱི་སྲས་ཞེས་ཡབ་མ་གྲོངས་གོང་དུ་ཡུམ་ལ་སྲས་ཆགས་ནས་མ་སྐྱེས་གོང་དུ་ཡབ་གྲོངས་སྟབས་ལྟོ་བོར་གྱི་སྲས་ཞེས་བརྗོད་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་པ་རྩོད་མེད་ཐོག བཙུན་མོ་ཆེན་མའི་སྲས་ལ་ལབ་གླེང་མང་པོ་ཡོང་དགོས་པའི་དོགས་གཞི་ཞིག་ཆགས་ཡོད་པ་དེའི་རྒྱུ་མཚན་གང་ཡིན་སྐོར་གསུང་སྐབས་ལབ་གླེང་དེ་ནི་འོད་སྲུངས་ཕྱོགས་ཀྱིས་བཟོས་པ་ཡིན་པར་ཐག་གཅོད་གནང་ཡོད། རྫུན་ཤོད་པ་ལ་རང་མཁས་ཀྱང་རྫུན་རྐུབ་བརྟོལ་བ་ལ་གཞན་མཁས་པས་མདང་སྐྱེས་ཀྱི་བུ་ཆུང་སོ་སྐྱེས་པ་ཞིག་རང་གི་བུ་ཡིན་པར་རྫུན་བཟོ་བྱེད་ཐུབ་ཐབས་བྲལ་བ་ཞིག་ལོ་རྒྱུས་མཁན་པོ་འགའ་ཞིག་གིས་རྫུན་བཟོ་བྱས་པ་རང་ཡིན་སྙམ་པ་མ་ཟད། ལྟོ་བོར་གྱི་སྲས་ཡིན་མཉམ་ལ་ཡབ་གཤེགས་རྗེས་སུ་འཁྲུངས་པའི་བར་ཁྱད་ཟླ་བ་དགུ་དང་ཕྱེད་ཡས་མས་ལྷག་ཡོང་མི་སྲིད་ཅིང་། བཙུན་མོ་ཆུན་མའི་སྲས་ཡབ་གཤེགས་སྐབས་འཁྲུངས་རན་པའི་དུས་སྐབས་ཁེལ་བ་དང་། ཆེན་མའི་སྲས་འཁོར་ནས་དུས་ཚོད་རིང་པོ་ཕྱིན་མེད་སྟབས་ཐབས་ཤེས་གང་ཡོད་ཀྱིས་ཕྲུ་གུ་རྫུན་བཟོ་བྱ་དགོས་པ་ཡང་ཡོང་སྲིད་པ་རེད། རྗེས་སུ་སྲིད་དབང་འཕྲོག་ལེན་གྱི་ཆེད་དུ་གཅེན་སུ་ཡིན་ལ་མ་འཆམས་པར་འཁྲུགས་རྩོད་གཞི་རྒྱ་ཆེན་པོ་བྱུང་ནས་འོད་སྲུང་ཕྱོགས་གཏོགས་ལ་ཕམ་ཉེས་འཁེལ་ཏེ་རྩ་ཆེའི་རྒྱུ་དངོས་ཡོད་ཚད་ཡུམ་བརྟན་ལ་ཐོབ་ནས་གདུང་རྒྱུད་རྣམས་གཙང་དང་མངའ་རིས་ཕྱོགས་སུ་བྲོས་དགོས་པ་བྱུང་བ་སོགས་ཞིབ་པར《མཁས་པ་ལྡེའུའི་ཆོས་འབྱུང》དང་།《མཁས་པའི་དགའ་སྟོན》《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》བཅས་སུ་གསལ།

<