ཡར་ཀླུངས་ཇོ་བོའི་རྒྱལ་རབས།

2018-12-19

  

    གནམ་ལྡེ་འོད་སྲུང་གི་གདུང་རབས་སྨད་ཀྱི་ལྡེ་གསུམ་གྱི་འབྲིང་པོ་འོད་ལྡེར་སྲས་བཞི་བྱུང་བའི་ཆུང་བ་ཁྲི་ཆུང་ཡར་ལུང་དུ་བྱོན་ནས་སྲིད་བསྐྱངས་པ་དེ་ཡིན།

  གནམ་ལྡེ་འོད་སྲུང་གི་གདུང་རབས་སྨད་ཀྱི་ལྡེ་གསུམ་གྱི་འབྲིང་པོ་འོད་ལྡེར་སྲས་བཞི་བྱུང་བའི་ཆུང་བ་ཁྲི་ཆུང་ཡར་ལུང་དུ་བྱོན། འབངས་ཀྱིས་ཕོ་བྲང་བརྩིགས་ནས་སྲིད་བཞེས་ཏེ་ཡར་ཀླུངས་ཙམ་དུ་དབང་བསྒྱུར་བས། ཡར་ཀླུངས་ཇོ་བོ་ཞེས་སུ་གྲགས། སྤྱི་ལོ1381ལོའི་བར་དུ་གདུང་རབས་བཅུ་སྐོར་བྱུང་།  དེ་ཡང་ཡར་ལུང་རྒྱལ་རྒྱུད་ཅེས་པ་ནི་བཙན་པོ་ཁྲི་དར་མ་འུ་དུམ་བཙན་གྱི་བཙུན་མོ་ཆུན་མའི་སྲས་གདུང་རྒྱུད་རྩོད་མེད་པ་གནམ་་ལྡེ་འོད་སྲུང་སྤྱི་ལོ་843ལ་ཡར་ལུང་དུ་སྐུ་འཁྲུངས་ཤིང་།  ཆེན་མའི་ཕྱོགས་དང་འགལ་ནས་མཐར་སྐྲོད་བྱས་པས་ལྷོ་ཁའི་ཕོ་བྲང་ཡུམ་བུ་བླ་སྒང་བཟུང་སྟེ་ཡར་ལུང་གི་ཡུལ་གྲུ་རྣམས་ལ་དབང་མཛད་པ་དང་། སྤྱི་ལོ862ལ་སྲས་མངའ་བདག་དཔལ་འཁོར་བཙན་འཁྲུངས་ཤིང་དེར་བཙུན་མོ་ཆེ་ཆུང་གཉིས་ཡོད་པ་ལས་ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ཡིན་ཞིང་།  དེ་ལ་སྲས་དཔལ་ལྡེ་དང་འོད་ལྡེ་སྐྱིད་ལྡེ་ཞེས་བོད་ཀྱི་ལོ་རྒྱུས་རྣམས་སུ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པའི་རིགས་རྒྱུད་གསུམ་བྱོན་པ་ལས། སྲས་ཆེ་བ་དཔལ་ལྡེའི་རྒྱུད་པ་སྔོན་པོ་ཚོན་པོ་བྱ་བར་ཐུག་སྟེ་ཁབ་གུང་ཐང་པ་དང་ཀླུ་རྒྱབ་པ་སྤྱི་པ་ལྷ་རྩེ་བ་གླང་ལུང་རྩད་སྐོར་བྱ་བ་སོགས་ཡིན་པར་བཤད་ཅིང་། ཆུང་བ་སྐྱིད་ལྡེ་འཇད་རྟ་ནག་ཏུ་བཞུགས་ནས་གདུང་རྒྱུད་ལ་སྲས་དྲུག་བྱོན་པ་ལས་ལྔ་བྱང་གི་ཡུལ་དུ་གྱེས་ནས་འབྲོ་དང་གཡས་རུ་རུ་ལག་བཙན་པོའམ་མུས་པ་དང་འཇད་ཉང་སྟོད་བཅས་སུ་བཙན་པོར་གྲགས་པ་མང་པོ་ཡོད་པར་བཤད། འབྲིང་བ་འོད་ལྡེ་ལ་སྲས་ཕ་བ་ལྡེ་སེ་དང་ཁྲི་ལྡེ་ཁྲི་ཆུང་ཉག་ལྡེ་བཅས་རིགས་རྒྱུད་བཞི་འཁྲུངས་པ་ལས་དང་པོ་ཕ་བ་ལྡེ་སེ་གཙང་དུ་བྱོན་ནས་གདུང་རྒྱུད་གཙང་རོང་དང་བསྣུབས་ཡུལ་དང་ཉང་སྟོད་སོགས་སུ་ཡོད་དོ། ། གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ནས་ཙོང་ཁའི་རྒྱལ་རྒྱུད་རྣམས་བྱོན་པར་གྲགས་ཤིང་། གསུམ་པ་ཉག་ལྡེའི་རྒྱུད་པ་གཡས་རུའི་སྐྱི་མཁར་བཙན་པོ་ལ་ཐུག་པར་བཤད་པ་དང་། བཞི་བ་ཁྲི་ཆུང་ཡར་ལུང་དུ་བྱོན་ནས་རྒྱལ་པོ་བྱས་པས་འབངས་རྣམས་ཀྱིས་ཕོ་བྲང་ཞིག་བརྩིགས་ནས་ཕུལ་བ་ལ་འབངས་བརྩིགས་ཕོ་བྲང་ཞེས་གྲགས་པ་དང་སྐུ་མཁར་འཕྱིང་བ་སྟག་རྩེ་གཉིས་བཟུང་སྟེ་བཞུགས་པས་ཡར་ལུང་རྒྱལ་རྒྱུད་དངོས་སུ་བྱོན་པར་གྱུར། ཁྲི་ཆུང་ལ་སྲས་འོད་སྐྱིད་འབར་བྱ་བ་འཁྲུངས་པ་དང་དེ་ལ་རིགས་སྲས་བདུན་བྱོན་པ་ནི་གཅེན་པོ་ཞང་རྗེ་ཚ་ཁྲི་ལྡེ་འབར་དང་གཅུང་པོ་གཙང་ཚ་སྤུན་དྲུག་བྱ་བ་ལྷ་སྤྱན་དང་གཡུ་སྤྱན། ད་ར་དང་ལྷུན་པོ། འོད་བཙན་དང་གུང་བཙན་བྱ་བ་བཅས་སྐུ་མཆེད་བདུན་ལས་ཆེ་བ་དང་ཕྱི་མ་དྲུག་པོའི་ཡུམ་མི་གཅིག་པའི་གཅེན་གཅུང་ཡིན་ངེས་ཤིང་མཚན་ལ་བརྟག་ན་ཕྱི་མ་དྲུག་པོའི་ཡུམ་གཙང་བཟའ་མ་ཞིག་ཀྱང་ཡིན་སྲིད། ཆེ་བ་གཅེན་ཞང་རྗེ་ཚ་ཁྲི་འབར་ལ་སྲས་དྲུག་བྱོན་པ་ལས་དང་པོ་གཡུ་ཐོག་པའི་རྒྱུད་པ་སྣ་མོ་བ་དང་འཆིང་ང་བ་དོན་མཁར་བ་དང་ཐང་འཁོར་པ་རྣམས་ཡིན་པར་བཤད་ལ། གཉིས་པ་བྱེ་ཆུང་ལྷ་སྒོམ་དང་གསུམ་པ་གུང་ལྡེ་བཞི་བ་ཁྲི་ཐོག་ཐག་བཅས་ལ་གདུང་རྒྱུད་མ་བྱུང་བར་གྲགས། ལྔ་བ་ཟླ་བའི་རྒྱུད་པ་སྟག་ཤགས་པ་དང་གྲ་ན་བ་རྣམས་དང་། དྲུག་པ་བཞེངས་ཅན་དབར་བྱ་བའི་རྒྱུད་མོན་མཁར་བ་དང་ཞང་མདའ་པ་སྤུན་བདུན་ཐང་པ་བཅས་ཡིན་ཟེར་ཞིང་། ལྷ་སྟོན་དཀར་མོ་བྱ་བའི་རྒྱུད་ཀྱི་ཆུང་བ་ཡིན་ཞེས་བཀོད་ཡོད་དོ། ། གཙང་ཚ་སྤུན་དྲུག་བྱ་བའི་གཅུང་དང་པོ་ལྷ་སྤྱན་གྱི་གདུང་རྒྱུད་ཆད་པར་བཤད་ཅིང་གསུམ་པ་ད་ར་དང་བཞི་བ་ལྷུན་པོ་ལྔ་བ་འོད་བཙན་དྲུག་པ་གུང་བཙན་བཅས་ཀྱི་རྒྱུད་པ་ཁྲ་འབྲུག་པ་དང་བྱིང་པ་བྱར་པ་ཆུ་མིག་གོག་པོ་རྣམས་སུ་བཙན་པོ་བྱ་བ་མང་པོ་འཕེལ་བ་རྣམས་ཡིན་ཟེར། གཉིས་པ་གཡུ་སྤྱན་ནི་གར་མི་ཡོན་ཏན་གཡུང་དྲུང་བྱ་བས་ལྷོ་ཁའི་བྱ་སར་གདན་དྲངས་ནས་བཞུགས་པས་མངའ་བདག་གམ་བཙན་པོ་གཡུ་སྤྱན་ཞེས་གྲགས་པ་བྱུང་ལ། དེར་སྲས་ཇོ་དགའ་བྱ་བ་འཁྲུངས་ཤིང་ཇོ་དགའ་ལ་སྲས་བྱ་ས་ལྷ་ཆེན་དང་ཁྲི་དར་མ་ལྷ་ཞི་བ་སྟེ་རིགས་རྒྱུད་གསུམ་བྱོན་པ་ལས། ཆེ་བ་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་ཆེན་མོ་གསར་བཞེངས་དང་དཔལ་ཕག་མོ་གྲུ་པ་སོགས་བླ་མར་བསྟེན་ནས་ཞབས་ཏོག་མཛད་ཅིང་ཆུང་བ་ལྷ་ཞི་བས་རབ་བྱུང་བསྒྲུབས། བར་པ་ཁྲི་དར་མ་ལ་སྲས་གཙུག་ལྡེ་དང་ཁྲི་གཙུག་རྣལ་འབྱོར་སྨོན་ལམ་སྟེ་བཞི་ལས་དང་པོ་གཙུག་ལྡེ་ལ་གདུང་རྒྱུད་མ་བྱུང་ཞིང་། གཉིས་པ་ཁྲི་གཙུག་གིས་བྱ་ས་དང་དོ་སྔོན་སོགས་བཟུང་བས་ཡར་མདའི་བཙན་པོར་འབོད་པ་སྟེ་རིགས་སྲས་ཁྲི་བཙན་བྱ་བ་དང་དེའི་སྲས་ཤ་ཁྲི་དེའི་སྲས་ལྷ་ཁྲི་བཅས་རིམ་པར་བྱོན་ནས་ཡར་མདའི་ཡུལ་བཟུང་བར་བཤད། གསུམ་པ་རྣལ་འབྱོར་གྱིས་ཕོ་བྲང་འབངས་བརྩིགས་བཟུང་སྟེ་རྒྱལ་སྲིད་བསྐྱངས་པ་དང་། བཞི་བ་སྨོན་ལམ་རབ་བྱུང་མཛད་དེ་ཆོས་ཁྲིམས་དང་བསྟན་པའི་བྱ་བ་དུ་མ་མཛད་པར་གྲགས་ཤིང་། སྤུན་མཆེད་འདི་རྣམས་ཀྱིས་བསྟན་པ་སྤྱི་དང་ཁྱད་པར་འབྲི་ཁུང་སྤྱན་སྔ་རིན་པོ་ཆེའི་རྩ་བའི་སྦྱིན་བདག་བྱས་ཏེ་ཞབས་ཏོག་ལེགས་པར་བསྒྲུབས་ཞེས《ཡར་ལུང་ཇོ་བོའི་ཆོས་འབྱུང》དུ་བཤད། རྣལ་འབྱོར་ལ་སྲས་གསུམ་བྱོན་པ་ལས་འབྲིང་པ་རབ་བྱུང་མཛད་ནས་སྤྱིལ་བུའི་གདན་ས་བྱས་ཤིང་མཚན་ལ་ལྷ་ཆེན་པོའམ་ལྷ་ལུང་གི་དབང་ཕྱུག་ཅེས་གདུལ་བྱ་རྒྱས་པ་བྱུང་ཞིང་། ཆུང་བའང་འབྲི་གུང་རིན་པོ་ཆེའི་མདུན་དུ་ལྷ་བཙུན་བྱས་ཏེ་མཚན་ལ་ལྷ་ངམ་ཤོད་པར་གྲགས་ཟེར། ཆེ་བ་ཇོ་འབག་བྱ་བས་རྒྱལ་ས་མཛད་དེ་རིགས་སྲས་ལྔ་འཁྲུངས་པ་དང་དེ་དག་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ས་སྐྱ་གོང་མ་ཡབ་སྲས་ལ་གཏུགས་ཤིང་གདུང་རྒྱུད་ཟམ་མ་ཆད་དེ་རིམ་པར་བྱོན་ནས་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་རྒྱས་པ་བྱུང་བར་གྲགས། འདི་རྣམས་ལ་ཡར་ལུང་ངམ་ཡར་ལུང་ཇོ་བོའི་རྒྱུད་ཅེས་བརྗོད་ཅིང་ལོ་རྒྱུས་ཞིབ་མོ་ཆོས་འབྱུང་དག་ཏུ་འབྱུང་བས་འདིར་རྒྱས་པར་མི་གླེང་ངོ་། །

    ཡར་ཀླུངས་ཇོ་བོའི་རྒྱལ་རབས།

 

 

 

     ཡར་ཀླུངས་ཇོ་བོ་རིམ་བྱོན།  

 

<