མའོ་ལོ་ཀི་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

2019-03-18

  མའོ་ལོ་ཀིའི་རྒྱལ་བོ་ཚང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཁི་དང་ཨ་མེ་རི་ཁས་ཉིན་དེ་ནས་བཟུང་མའོ་ལོ་ཀིའི་མངའ་ཁོངས་ཀྱི་གྲོང་ཁྱེར་ལྔ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། དམག་དོན་སྦྱོང་བརྡར་དེ་ཟླ་བཞི་བའི་ཚེས་བདུན་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར།  

  སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་མིང་ལ་ཉིས་སྟོང་བཅུ་དགུ་ལོའི་ཨ་ཧྥེ་རི་ཁ་གླིང་གི་ཕོ་སེང་ཞེས་སུ་འབོད་པ་དང་། མའོ་ལོ་ཀི་དང་ཨ་མེ་རི་ཁའི་དམག་དཔུང་གིས་ས་ངོས་དང་བར་སྣང་གི་འཐབ་འཁྲུག་སྦྱོང་བརྡར་དང་། བར་སྣང་སྐྱེལ་འདྲེན། འཐབ་རྩལ་ལད་བཟོའི་སྦྱོང་བརྡར། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་ཆེད་དོན་སྦྱོང་བརྡར་སོགས་སྤེལ་རྒྱུ་རེད། ཁཱ་ནཱ་ཏཱ་དང་སི་ཕན། དབྱིན་ཇི། སེ་ནེ་ཀལ། ཐུ་ནི་ཞི་ཡཱ་བཅས་རྒྱལ་ཁབ་ལྔའི་དམག་དོན་ལྟ་ཞིབ་པ་དམག་དོན་སྦྱོང་བརྡར་ལ་ཞུགས་ཟེར།

  སྤྱི་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་མའོ་ལོ་ཀི་དང་ཨ་མེ་རི་ཁའི་དམག་དོན་མཉམ་ལས་ལ་ཤུགས་སྣོན་པར་ཕན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཉམས་མྱོང་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་ནས། དམག་དཔུང་སོ་སོའི་བར་གྱི་མཐུན་སྦྱོར་འཐབ་འཁྲུག་ནུས་པ་ཇེ་མཐོར་གཏོང་ཐུབ་ཟེར།

<