རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་དང་ས་ཁོངས་མཉམ་ལས་གོ་སྐབས་ཀྱི་ཞིབ་བསྡུར་ཚོགས་འདུ་ཡོ་ནན་ནས་སྤེལ།

2019-03-19

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་དང་ས་ཁོངས་མཉམ་ལས་གོ་སྐབས་ཀྱི་ཞིབ་བསྡུར་ཚོགས་འདུ་ཚེས་བཅོ་བརྒྱད་ཉིན་ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཀྲུང་གོ་དང་ཡོ་ནན་གྱི་སྐུ་མགྲོན་དང་ཆེད་མཁས་པས་ཚོགས་ཐོག་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་ཐུན་མོང་གི་ལྟ་ཚུལ་བྱུང་བར་མ་ཟད། རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་ལ་ཕན་འབྲས་དངོས་ཐོབ་པར་བློ་འདོན་ཇུས་འབུལ་བྱས།

  ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཞོན་པའོ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ལོ་གསུམ་ལྷག་ལ་མཉམ་དུ་འབད་བརྩོན་བྱས་ཏེ། རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་དེ་གྲོས་འདོན་ཙམ་ནས་དངོས་ཡོད་དུ་གྱུར་བ་དང་། ས་ཁོངས་ཕལ་བའི་ཆེས་གསོན་ཤུགས་ལྡན་པའི་མཉམ་ལས་རྐྱེན་སྲོལ་ཅིག་ཏུ་གྱུར་ཡོད་ཟེར།

  ཡོ་ནན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་རོན་ཝུན་ཚའོ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ས་ཁོངས་དེའི་རྒྱལ་ཁབ་དྲུག་གི་སྡེ་ཁག་སོ་སོ་དང་ས་ཁུལ་གྱིས་དོ་སྣང་རྒྱ་ཆེར་བྱས་པ་དང་ཟབ་ཞུགས་གང་ལེགས་བྱས་ཏེ། ས་ཁོངས་ཀྱི་མང་ཚོགས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན་ཡོད་ཟེར།

  ཡོ་ནན་ཕྱི་འབྲེལ་སློབ་འགུལ་ལ་ཞུགས་བཞིན་ཡོད་པ་དང་། རིགས་གཞུང་ལས་ཁུངས་གཞན་པའི་བར་མཉམ་ལས་བྱས་ཏེ་མང་ཚོགས་དག་གིས་མཉམ་ལས་རྐྱེན་སྲོལ་དེར་རྒྱུས་ལོན་ཞིབ་ཏུ་བྱེད་པར་རོགས་རམ་བྱེད་བཞིན་ཡོད་ཟེར།

  ཐེངས་འདིའི་ཞིབ་བསྡུར་ཚོགས་འདུ་ནི་ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཡོ་ནན་ཕྱི་འབྲེལ་སློབ་གླིང་གིས་མཉམ་འབྲེལ་དུ་སྤེལ་བ་ཡིན་ལ། སྐབས་གཉིས་པའི་རྫ་ཆུའམ་མེ་ཀུང་གཙང་བོའི་གཟའ་འཁོར་བྱ་འགུལ་རབ་དང་རིམ་པའི་གྲས་རེད། ཞིབ་བསྡུར་ཚོགས་འདུའི་སྟེང་ཀྲུང་གོ་དང་ཡོ་ནན་གྱི་ཆེད་མཁས་པས་ད་རུང་རྫ་ཆུའམ་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་ད་ལྟའི་གནས་བབ་དང་། གྲུབ་འབྲས། མ་འོངས་པའི་མདུན་ལྗོངས། རྫ་ཆུའམ་མེ་ཀུང་གཙང་བོའི་བཞུར་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ས་ཁུལ་མཉམ་འཛུགས་བྱེད་པ། མི་གཞུང་སྤྱི་ཚོགས་མཉམ་ལས་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

 

 

  

<